སྐྱབས་འཛིན་པ་ ༧ དཔལ་སྐྱབས་རྗེ་སྒང་སྤྲུལ་ཀུན་རིག་འཛིན་པདྨ་རྣམ་རྒྱལ་མཆོག།
སྐུ་འཁྲུངས་ཚུལ།
དེ་ཡང་ སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་མཆོག་ ཀྲོང་གསར་བོན་སྦིས་ཆོས་རྗེའི་བཟའ་ཚང་ནང་ སྤྱི་ལོ་༡༩༥༥ ལུ་ ནམ་མཁར་འཇའ་ཚོན་འཁྱིལ་བ་དང་ མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཤར་ཡོད་པའི་ རྟགས་མཚན་བཟང་པོ་དུ་མ་དང་བཅས་ ཡབ་ཚེ་རིང་རྡོ་རྗེ་དང་ ཡུམ་ཚེ་རིང་དཔལ་མོ་གཉིས་ཀྱི་སྲས་ལུ་ སྐུ་འཁྲུངས་ནུག།
འཁྲུངས་རྟགས་དང་ལུང་བསྟན།
སྤྲུལ་སྐུ་མཆོག་ ཡུམ་གྱི་ལྷུམས་སུ་བཞུགས་པའི་སྐབས་ལུ་ ཡུམ་གྱི་མནལ་ལམ་ནང་ བཀོལ་བའི་ཆུ་ཨོམ་ལུ་གྱུར་བ་དང་ ཨ་ལོ་ལེ་ཤ་ཅིག་གིས་ ཆུ་དབོག་སར་གཟིགས་ནུག། དེ་མ་ཚད་ ཉེ་འདབས་ལུ་ཡོད་པའི་ རོང་ཆུའི་འགྲམ་གྱི་ རྡོ་དང་བྱེམ་ཚུ་ཡང་ མུ་ཏིག་དཀརཔོ་ལུ་གྱུར་བ་དང་ ཁྱིམ་གྱི་བྱང་ཁ་ཐུག་ལུ་ ཤེལ་གྱི་བྱག་བཟུམ་ཡོད་པའི་ རྡོའི་གསེབ་ལས་ ཆུ་མིག་གཉིས་ཐོན་པའི་ནང་ལས་ གཅིག་ཨོམ་གྱི་རང་བཞིན་ལུ་གྱུར་བ་ལ་སོགས་པའི་ རྟགས་མཚན་བཟང་པོ་ལེ་ཤ་གཟིགས་ནུག། སྤྲུལ་སྐུ་འཁྲུངས་ཏེ་ ཟླཝ་གཅིག་ལངམ་ད་ དྲོཔ་ཅིག་སྐུ་ཁྲུས་ཕུལ་བའི་སྐབས་ ཤར་ཕྱོགས་ཀྱི་ཧོང་ལས་ འཇའ་ཚོན་ཁ་དོག་སྣ་ལྔ་ཤར་ཏེ་ ཁྲུས་གཞོང་ལུ་ཕོག་སར་ དེ་ཁར་ཡོད་མི་ཀུན་གྱིས་མཐོང་ནུག། དུས་ཚོད་དེ་གི་སྐབས་ལུ་ འབྲུག་རྒྱལ་གཉིས་པའི་བཙུནམོ་དང་ འབྲུག་རྒྱལ་གསུམ་པའི་ཡུམ་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་ བུམ་ཐང་ལས་བྱོན་པའི་ལམ་ཁར་ ཤར་བསམ་གཏན་སྒང་ ལུད་མཚོ་ཁར་ སྐུ་ཞག་བཞུགསཔ་དང་ ཁ་ཐུག་རྐྱབ་ནུག། དེ་ཚེ་ནུབ་མོ་ རྒྱལ་ཡུལ་མཆོག་གི་གཟིམ་སྣང་ལུ་ མགུ་ཏོག་ཁར་ དར་དང་མེ་ཏོག་གི་ཐོད་བཅིངས། ལག་པར་ཨོམ་གྱི་ཧོད་དང་ དར་འབག་མི་ཅིག་གིས་ འདི་སྒང་སྟེང་རིན་པོ་ཆེ་ལུ་ཕུལ་ནི་ཨིནམ་ལས་ ཡུམ་ཁྱོད་ཀྱིས་ཕུལ་གནང་ཟེར་སླབ་ལས་ རྒྱལ་ཡུམ་གྱིས་ ཁྱོད་ག་སྨོ་ཟེར་དྲི་བ་གནངམ་ད་ ང་ལུད་མཚོ་ཁའི་མཚོ་སྨནམ་ཨིན་ཟེརཝ་དང་གཅིག་ཁར་ གླུ་དེ་སྦེ་ཕུལ་ནུག།
ལུད་མཚོ་ཁའི་མཚོ་སྨནམོ་གིས་ སྤྲུལ་སྐུའི་ལུང་བསྟན་པའི་གླུ།
གླུ་མཆོད་ཅིག་སྐྱབས་གནས་དཀོན་མཆོག་མཁྱེན། །ཡིད་གཏད་སོ་ཁྱེད་ལས་གཞན་མ་མཆིས། །ས་འདི་ས་ངོ་མ་ཤེས་ན། །ཤར་ཡུལ་བསམ་གཏན་ལུད་མཚོ་རེད། །ང་དང་ང་ངོ་མ་ཤེས་ན། །མཚོ་འདི་ཡི་སྨན་མོ་བདེ་སྐྱིད་ཟེར། །མཚོ་འདི་ནི་བླ་མཚོ་དགའ་འཁྱིལ་ཟེར། །པད་གླིང་ཐུགས་སྤྲུལ་བླ་མཚོ་ཡིན། བླ་མ་རེ་ལ་མི་རབས་རེ། །མི་རབས་དྲུག་ལ་ཐུག་ཐུག་བར། །ལས་ངན་ང་ལ་ཐུག་ནས་ཡོད། །སྤྲུལ་སྐུ་གདུལ་བྱ་གཞན་ལ་གཟིགས། །ལོ་མང་དེ་ཙམ་སོང་ནས་ཡོད། ། གདན་ས་གསང་སྔགས་ཆོས་གླིང་དེར། །བསྟན་པའི་བདག་པོ་མིན་འདུག་ལ། །ཁ་སང་དབྱར་ཟླ་འབྲིང་པོ་ལ། །ང་མ་སྡོད་སྤྲུལ་སྐུ་འཚོལ་དུ་ཕྱིན། །འདི་ནས་བརྩིས་པ་ཤར་གྱི་ཕྱོགས། །མཐོ་བ་དཔལ་ལི་བརྒལ་བའི་རྒྱབ། །མང་སྡེ་ཆུ་ཡི་རྐ་འགོ་ན། །ཁ་མི་འདྲ་ཧན་སྐད་རྒྱབ་ས། །བུ་ཆུང་གསུམ་གྱི་ཆུང་བ་དེ། །སྐུ་མ་འགྱུར་བརྟན་པ་བཞུགས་ནས་ཡོད། །སྒང་སྟེང་གསང་སྔགས་ཆོས་གླིང་ལ། །སྤྲུལ་སྐུ་མེད་པར་སེམས་སྟོང་པས། །ཁྱོད་ཡུམ་ཆེན་བྱོན་པའི་བཀའ་དྲིན། །སྤྲུལ་སྐུ་གདན་སར་ཞུ་མི་ཚུགས་ག། ཟེར་ཞུ་ནུག། གླུ་ཚིག་ནང་ སྤྲུལ་སྐུ་འཁྲུངས་ཡོད་པའི་ལོ་རྒྱུས་ཚུ་ཡོདཔ་ལས་ དེགི་དྲོ་པ་གསོལ་ཇ་བཞེས་པའི་སྐབས་ སྒང་སྟེང་ཕྱག་མཛོདཔ་ ལབ་རྩཔ་ཀུན་ལེགས་དང་ དབང་རྫོང་མགྲོན་གསོཔ་ ཤར་རྒྱལ་མོ། སྐུར་སྟོད་ཨ་ཞེ་ཚེ་དབང་ལྷ་མོ་གསུམ་འཛོམས་ཐོག་ཁར་ སྒང་སྟེང་པའི་ཆོསཔ་ཚུ་ལུ་ སྒང་སྟེང་སྤྲུལ་སྐུ་དགོ་པ་ཅིན་ མང་སྡེ་ཆུའི་རྐ་འགོ་ལུ་བལྟ་བར་སོང་ཟེར་ བཀའ་གནང་བ་མ་ཚད་ རྒྱལ་ཡུམ་མོ་རའི་མནལ་ལམ་དུ་བྱུང་བའི་གླུ་དེ་ ཡིག་ཐོག་ལུ་བཀོད་དེ་ ཨ་ཞེ་ཚེ་དབང་ལྷ་མོ་ལུ་ གནང་ཡོད་མི་་དང་འཁྲིལ་ཏེ་ འདི་ནང་བཀོད་ཡོདཔ་ཨིན།
སྐུ་ཡོན་བཞེས་ཚུལ་དང་བླ་མ་བསྟེན་ཚུལ།
སྤྲུལ་སྐུ་མཆོག་ སྐུ་ན་ཕྲ་བའི་བསྒང་ལས་རང་ དགོན་པའི་ལོ་རྒྱུས་ཚུ་གསུངས་ཡོདཔ་མ་ཚད་ ཆོས་དང་དབང་ གནང་བ་ལ་སོགས་པ་ བླ་མའི་མཛད་བྱ་སྣ་ཚོགས་སྟོན། བླ་མ་ནམ་མཁའི་སྙིང་པོ་སྐུ་གོང་མའི་ཞབས་ས་ལས་ གསོལ་འདེབས་ལེའུ་བདུན་མའི་ དབང་ལུང་ཆ་ཚང་དང་ དགེ་བསྙེན་གྱི་སྡོམ་པ་བཞེས་ནུག། དགུང་ལོ་བདུན་ཙམ་ལས་ ཀྲོང་གསར་གྲྭ་ཚང་ནང་འཛུལ་ཞུགས་གནང་སྟེ་ བླམ་གནས་བརྟན་ཚེ་དབང་རྒྱལ་མཚན་གྱིས་གཙོས་པའི་ སློབ་དཔོན་དམ་པ་ཚུ་བསྟེན་ཏེ་ འབྲི་ཀློག་སྦྱང་བརྩོན་གནང་པའི་སྐབས་ བརྡ་བསྟན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན། གསང་སྔགས་ཕྱི་ནང་གི་ཆོ་ག་ཕྱག་ལེན་དང་ གར་ཐིག་དབྱངས་གསུམ་ཚུ་ མཐར་ཕྱིན་སྦེ་སྦྱང་བརྩོན་གནང་། དེ་ལས་རྫོགས་ཆེན་གྱི་རྣལ་འབྱོར་ སྤོ་ལོ་མཁན་རིན་པོ་ཆེ་གིས་ དགེ་འདུན་ཚོགས་པའི་སྦུག་ལས་ སྤྲུལ་སྐུ་ཨིན་པའི་ངོས་འཛིན་གནང་བ་མ་ཚད་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་ རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༦ པ་ རང་བྱུང་རིག་པའི་རྡོ་རྗེ་ཚུ་གིས་ སྒང་སྟེང་སྤྲུལ་སྐུ་འཁྲུལ་མེད་ཨིན་པའི་ ངོས་འཛིན་ལེགས་པར་གྲུབ། དེ་ལས་རྟ་མགོ་ནང་པའི་བཤད་གྲྭའི་ནང་འཛུལ་ཞུགས་གནང་སྟེ་ མཁས་ཤིང་གྲུབ་པའི་དབང་ཕྱུག་ རྗེ་མཁན་ཁྲི་རབས་༦༨ པ་ བསྟན་འཛིན་དོན་གྲུབ་དང་ རྗེ་མཁན་ཁྲི་རབས་༦༩ པ་ དགེ་འདུན་རིན་ཆེན་ཚུ་ལས་ ཐུན་མོང་རིག་གནས་སྤྱི་དང་ ཐུན་མིན་རྡོ་རྗེ་ཐེག་པའི་ཟབ་དོན་ཕྱག་ཆེན་ཆོས་དྲུག་གི་མན་ངག་ཚུ་ གསར་མའི་སྙན་བརྒྱུད་ཀྱི་ཉམས་ལེན་དང་འབྲེལ་བའི་ ཆོས་བཀའ་སྤྱི་དང་ ཉེ་ལམ་རྫོགས་པ་ཆེན་པོའི་ཟབ་གནད་ཀྱི་རིགས་ཚུ་ཡང་ སྒྲོ་འདོགས་ཆོད་པར་ ཐོས་བསམ་མཛད། དེ་ལས་སྤྲུལ་སྐུ་མཆོག་དགུང་ལོ་་་་་་་་་་་་་་ བཞེསཔ་ད་ སྤྱི་ཚེས་་་་་་་་་་་་་་་་་་་་་་་་ ལུ་ གདན་ས་སྒང་སྟེང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་ལུ་ གདན་འདྲེན་ཞུས་ཏེ་ མངའ་གསོལ་རྒྱས་པར་མཛད་པའི་ཤུལ་ལུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གིས་ སྤྲུལ་སྐུ་མཆོག་ལུ་ བླ་རྫོགས་ཐུགས་གསུམ་གྱིས་གཙོས་པའི་ པད་གླིང་ཆོས་འཁོར་ཡོངས་རྫོགས་ཀྱི་ དབང་ལུང་མན་ངག་ཚུ་གནང་བ་མ་ཚད་ བདུད་འཇོམས་གོང་འོག་གི་གཏེར་ཁ་ གསར་རྙིང་ཡོངས་རྫོགས་ཀྱི་དབང་ལུ་ཚུ་གནང་པའི་ཁར་ སྤྲུལ་སྐུ་མཆོག་སྐུ་ཚེ་ཞབས་པད་བརྟན་ནིའི་ ཞབས་བརྟན་གསོལ་འདེབས་ཅིག་ཡང་ བརྩམས་གནང་ནུག། གཞན་ཡང་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། སྐྱབས་རྗེ་རྗེ་མཁན་བསྟན་འཛིན་དོན་གྲུབ། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། སྤོ་ལོ་མཁན་རིན་པོ་ཆེ། མཁན་ཆེན་མཁས་གྲུབ། མཁན་ཆེན་ནོར་གཡང་། མཁན་ཆེན་ཟླ་ཟེར། སྨྱོ་ཤུལ་མཁན་འཇམ་དབྱངས་རྡོ་རྗེ། དབྱངས་སློབ་ཤཱཀྱ་རྡོ་རྗེ་ཚུ་ མཁས་ཤིང་གྲུབ་པའི་དབང་ཕྱུག་ཚུ་ལས་ རིན་ཆེན་གཏེར་མཛོད་དང་། གདམས་ངག་མཛོད། སྙིང་ཐིག་ཡ་བཞི། ངལ་གསོ་སྐོར་གསུམ། རྒྱུད་རྒྱལ་གསང་བ་སྙིང་པོ་ལ་སོགས་པའི་ བཀའ་མ་དང་གཏེར་མ་ཡོངས་རྫོགས་བཞེས་ནུག། དེ་ལས་རྒྱ་གར་སྔ་འགྱུར་སྙིང་མའི་མཐོ་སློབ་ཆེན་མོའི་ནང་ འཛུལ་ཞུགས་གནང་སྟེ་ དགེ་བའི་བཤེས་གཉེན་མང་རབས་ཅིག་བསྟེན་ཏེ་་ སྔན་ངག་དང་། དབུ་མ། ཕར་ཕྱིན། ཚད་མ་ལ་སོགས་པ་ ཐུན་མོང་དང་ ཐུན་མིན་གྱི་གཞུང་ལུགས་ཀུན་ལུ་ འཆད་རྩོད་རྩོམ་གསུམ་གྱི་ སྒྲོ་འདོགས་ཆོད་པར་མཛད་ནུག།
སྒྲུབ་རྟགས་བྱུང་ཚུལ།
དེ་ཁ་ལས་ལོག་བྱོན་ཏེ་ སྒང་སྟེང་ཀུན་བཟང་ཆོས་གླིང་སྒྲུབ་གནས་ནང་ ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་གནང་བཞུགས་པའི་སྐབས་ གྲུབ་པའི་རྟགས་མཚན་བཟང་པོ་ལེ་ཤ་བྱུང་ནུག། དེ་གི་ཤུལ་མ་ སྤྱི་ལོ་༡༩༨༣ ལུ་ མོང་སྒར་ཙཱ་ཀ་གླིང་ བཱན་ཇར་གཡུས་ཚན་གྱི་མི་སེར་ཚུ་གིས་ གསོལ་བ་བཏབ་པའི་ངོར་ ཧེ་མ་མེད་པའི་ཆུ་མིག་ཁག་གསུམ་ གསར་བཏོན་གནངམ་ལས་ འགྲོ་བ་མཐའ་ཡས་པའི་རེ་བ་ ཡིད་བཞིན་དུ་བསྐངས་ཡོད་པའི་ རྟགས་མཚན་སྟོན་གནང་མི་ཚུ་ ད་ལྟོ་མངོན་གསལ་དུ་ཡོདཔ་ཨིན།
བསྟན་པའི་ཞབས་ཏོག་ཞུ་ཚུལ།
དེ་ལས་སྤྱིར་འཛམ་གླིང་འདི་ནང་ སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ནི་ རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུ རག་ལས་པར་བརྟེན་ དེ་ཡང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ལས་ མི་ཉམས་པར་རྒྱུན་སྐྱོང་དང་ དར་ཁྱབ་གཏང་དགོཔ་ གལ་ཆེ་བར་གཟིགས་ཏེ་ བཤད་སྒྲུབ་ཀྱི་སྡེ་ཅིག་ གཞི་བཙུགས་གནང་ནིའི་ དགོངས་འཆར་གནང་བའི་སྐབས་དང་བསྟུན་ཏེ་ རང་བཞིན་གྱི་རྟེན་འབྲེལ་དུས་སུ་འགྲིགས་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་ཞབས་ལས་ཡང་ སྒང་སྟེང་གསང་སྔགས་ཆོས་གླིང་དགོན་པ་ལུ་ ནང་པའི་མཐོ་རིམ་བཤད་གྲྭ་དང་ སྒྲུབ་སྡེ་གསར་བཙུགས་ གནང་དགོ་པའི་བཀའ་རྒྱ་གསེར་གྱི་ཐིགས་པ་གནངམ་བཞིན་དུ་ སྤྱི་ལོ་༡༩༨༥ ལུ་ སྒང་སྟེང་གསང་སྔགས་ཆོས་གླིང་བཤད་གྲྭ་དང་སྒྲུབ་སྡེ་གཉིས་ ཕྱག་བཏབ་གནང་ནུག། སྤྱིར་འགྲོ་བ་ཡོངས་ཀྱི་མཐའ་དོན་དང་ སྒོས་སུ་སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་དང་ རིག་འཛིན་པདྨ་གླིང་པའི་ཟབ་ཆོས་ཀྱི་སྲོལ་ཁྱུན་འདི་ བསྐལ་པ་མ་སྟོང་གི་བར་དུ་གནས་ཐབས་ལུ་དགོངས་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཧྲིལ་བུམ་མཛད་དགོ་པའི་ བཀའ་རྒྱ་གནང་ནུག། དེ་གི་སྐབས་སུ་ མི་དབང་རྒྱལ་ཡུམ་ཞིང་གཤེགས་ ཕུན་ཚོགས་ཆོས་སྒྲོན་མཆོག་གིས་ཡང་ བསྟན་པའི་ཞབས་ཏོག་ལུ་དམིགས་ཏེ་ སྟོན་པ་དང་ གུ་རུ་རིན་པོ་ཆེ་ རིག་འཛིན་པདྨ་གླིང་པའི་སྐུ་འདྲ་བཅས་ཀྱི་ ནང་རྟེན་ཁྱད་པར་ཅན་དང་ལྡན་པའི་ ལྷ་ཁང་ཐོག་ཚད་མ་གཅིག་ གསར་བཞེངས་གནང་ཡོདཔ་དང་། རྒྱལ་ཡུམ་མཆོག་གི་ སྐུ་སྒེར་དྲུང་ཆེན་ སློབ་དཔོན་ཕུར་པ་རྡོ་རྗེ་མཆོག་གིས་ཡང་ གཙུག་ལག་ཁང་ ཕྱི་ནང་བར་གསུམ་གྱི་མཐུན་རྐྱེན་ལུ་ རྒྱུ་སྤུས་གང་ལེགས་ཀྱི་ མཆོད་ཆས་མང་རབས་ཅིག་བསྒྲུབས་གནང་ནུག། དེ་ལས་རིམ་པ་བཞིན་དུ་ རིན་པོ་ཆེ་མཆོག་གིས་ དཀར་གཞོང་ཨོ་རྒྱན་ཐེག་མཆོག་གླིང་དང་། བུ་ཐང་སྟང་སྦས་ཟུར་ ཨ་ནེམོ་བཤད་གྲྭ་པདྨ་ཆོས་གླིང་། མོང་སྒར་ཙ་མང་ཏོག་ཀ་རི་ལུ་ ཨ་ནེམོ་གི་གཞི་རིམ་བཤད་གྲྭ། མོང་སྒར་ལྕགས་ས་མཁརའབྲིང་རིམ་བཤད་གྲྭ། གཞལམ་སྒང་ལུ་ ཚལ་ལྡང་ཨོ་རྒྱན་ཆོས་གླིང་གཞི་རིམ་བཤད་གྲྭ། ཆུ་ཁ་རྫོང་ཁག་ནང་ ཕྱག་འཚལ་གླ་ཁ་ བསམ་གྲུབ་ཆོས་གླིང་གཞི་རིམ་བཤད་གྲྭ། གཞལམ་སྒང་སྟིང་སྟིང་སྦིས་ལུ་ ཨོ་རྒྱན་ཐེག་མཆོག་ཆོས་གླིང་། སྒང་སྟེང་ཀུན་བཟང་ཆོས་གླིང་སྒྲུབ་སྡེ། ཨ་བརྒྱ་གནས་ཀྱི་སྒྲུབ་སྡེ། མོང་སྒར་ཙ་ཀ་གླིང་སྒྲུབ་སྡེ་བཅས་ མདོར་ན་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཡན་ལག་ བཤད་སྒྲུབ་ཀྱི་སྡེ་ གསར་རྙིང་བཅས་༣༥ ཙམ་ འཛིན་སྐྱོང་གནང་བཞིན་དུ་ཡོད། དེ་གིས་ཡང་མ་ཚད་པར་ རིན་པོ་ཆེ་མཆོག་གིས་ གདུལ་བྱ་སློབ་མའི་ཚོགས་ལུ་ རང་ལུགས་ཐུན་མོང་གི་སྔོན་འགྲོ་ལས་བཟུང་ དབང་ལུང་ཁྲིད་ མན་ངག་དང་བཅས་པའི་ ཟབ་ཁྲིད་སྤེལ་གནང་པའི་ཁར་ སྤྱི་ལོ་༡༩༩༧ ལུ་ སྒང་སྟེང་གསང་སྔགས་ཆོས་གླིང་ལུ་ པད་གླིང་ཆོས་འཁོར་གྱི་ དབང་ལུང་ཡོངས་རྫོགས་གནང་མི་ལས་འགོ་བཟུང་ ས་གནས་ཁག་ལུ་ པད་གླིང་ཆོས་འཁོར་ལན་ཐེངས་ལྔ་ཙམ་བསྐོར་གནང་ཡོད།