Select Page

Khewang Zhirim (primary) Shedra, Phobjikha Gewog, Wangdiphodrang

༼མཁས་དབང་བྱང་ཆུབ་ཆོས་གླིང་ལྷ་ཁང་གི་སྐོར།༽
༉ དེ་ཡང་ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་གོངམ་བཀའ་དྲིན་ཅན་གྱི་ཐུགས་སྨོན་དང་མཛད་རྗེས་བཟང་པོ་ལས་བརྟེན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ། སྒོས་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་ལྷོ་གཏེར་གྱི་བདག་པོ་རིག་འཛིན་ཆེན་པོ་པདྨ་གླིང་པའི་ཟབ་ཆོས་ཚུ་གདུལ་བྱ་རང་རང་སོ་སོའི་མོས་པ་དང་བསྟུན་ཏེ་འབྲུག་རྒྱལ་ཁབ་ཀྱི་ས་གནས་ལེ་ཤ་ཅིག་ནང་དར་ཡོད་པའི་གྲལ་ལས་གཅིག་དབང་འདུས་རྫོང་ཁག་ཕོབ་སྦྱིས་རྒེད་འོག་གི་མངའ་འོག་ལུ་ཆགས་ཏེ་ཡོད་པའི་མཁས་དབང་བྱང་ཆུབ་ཆོས་གླིང་ལྷ་ཁང་འདི་ཨིན།
༼ཐོག་མར་བཅགས་ཚུལ།༽
སྔོན་མ་དུས་རབས་ ༡༤ པའི་ནང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་དངོས་སློབ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི་ཟེར་ཡོངས་སུ་གྲགས་ཡོད་པའི་ནང་ལས་ཀུན་མཁྱེན་ཁོ་རའི་ཐུགས་སྲས་སྤྲུལ་སྐུ་དཔལ་འབྱོར་རྒྱལ་མཚན་མཆོག་གིས་ལྷ་ཁང་མཆོད་རྟེན་ཟམ་པ་བསྡོམས་བརྒྱ་དང་བཅུ་གསུམ་བཞེངས་ནི་ཟེར་བའི་ཁས་བླངས་ཕུལ་ཞིནམ་ལས་འདྲེ་སྲིན་གདུག་པ་ཅན་ཚུ་གི་ཁ་གནོན་ལུ་སྦེ་བཞེངས་ཏེ་ཡོད་པའི་ནང་ལས་གཙོ་བོ་ཅིག་མཁས་དབང་ལྷ་ཁང་འདི་གདན་ས་བཅགས་གནང་ཡོདཔ་ཨིནམ་པས།
༼ཕྱིའི་བཀོད་པ།༽
དེ་ཡང་འཛམ་གླིང་བྱང་ནས་ལྷོ་ཕྱོགས་སྐྱིད་པའི་ལྗོངས། །རིན་ཆེན་བཞི་པ་ལྕགས་རི་བསྐོར་བའི་ནང། །འདོད་ཡོན་སྣ་ཚོགས་ཕོ་སྦིས་བདེ་བའི་ཐང་། །ཟེར་ཐེག་པ་རིམ་པ་དགུའི་ཚུལ་ལུ་སྦེ་ལ་ཆེན་དགུ་གིས་བསྐོར་བའི་ཐང་གི་སྦུག་ལུ་ག་ནི་བ་ཉམས་དགའ་ཏོག་ཏོ་དང་བྱིན་རླབས་ཆེ་ཏོག་ཏོ་སྦེ་ཆགས་ཏེ་འདུག རྩིས་གཞུང་ལྟར་དུ་ཨིན་པ་ཅིན་ཕོབ་སྦྱིས་ཁའི་སའི་བཀོད་པ་འདི་ལུ་ཤར་གྱི་སྟག་སྐྱ་བོ། ལྷོ་གཡུང་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་བལ་སེར་པོ་ཟེར་བའི་ལོ་རྒྱུས་ཚུ་ཡང་བཤད་ནི་འདུག
༼ནང་རྟེན་གྱི་སྐོར། ༽
ལྷ་ཁང་འདི་ནང་ལུ་ནང་རྟེན་གཙོ་བོ་དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་དང་དབུས་སུ་སྟོན་པ་ཤཱཀྱ་ཐུབ་པ་གསུང་བྱོན་མ་ཅིག་གི་སྐུ་འདྲ་ཡོདཔ་མ་ཚད་སྤྲུལ་སྐུ་ཁོ་རའི་རྟེན་སྒམ་གཅིག་ཡང་ཡོདཔ་ཨིན། སྟོན་པའི་སྐུ་འདྲ་གསུང་བྱོན་མ་ཨིན་མིའི་རྒྱུ་མཚན་འདི་ཡང། ལོ་རྒྱུས་མདོར་བསྡུས་ཅིག་བཀོད་པ་ཅིན་མི་ལོ་༤༠༠ དེ་ཅིག་གི་ཧེ་མ་ལྷ་ཁང་དེའི་བྱང་ཤར་ཕྱོགས་ལུ་གྲོང་ཧ་ཟེར་བའི་གཡུས་ཚན་ནང་ལས་བུཚུ་དུང་ཤིང་ཕྱུག་པའི་དྲུང་དྲུང་ཟེར་མི་ཅིག་དང་། ལྷ་ཁང་དེའི་ནུབ་ཕྱོགས་ལུ་གསང་ཏ་ན་ཟེར་བའི་གཡུས་ཚན་ནང་ལས་བུམོ་གསང་བ་ཀུན་ལེགས་ཡོན་ཏན་ཟེར་གཉིས་ཡོདཔ་ཨིནམ་མས། ཁོང་གཉིས་སྒང་སྟེང་ཚེས་བཅུ་མཇལ་བ་འོང་པའི་སྐབས་ཚེ་སྔོན་མའི་ལས་འཕྲོ་ལས་བརྟེན་གཅིག་གིས་གཅིག་ལུ་བལྟ་བའི་མི་གཞི་མཐུན་པའི་ཤུལ་ལས་གླང་ལེ་ལ་ཟེར་བའི་མཇུག་ལུ་འཛོམས་ནི་སྦེ་དུས་བཏབ་བཟོ་སྟེ་འབད་རུང་། བུམོ་འདི་དུས་ཚོད་ཁར་ལྷོད་མ་ཚུགས་པར་གླང་ལེ་ལའི་བདུདམོ་ཟེར་ཉ་ལ་བདུདམོ་གི་བུམོ་སྤུན་བདུན་ལས་གཅིག་ཨིནམ་དང་། བདུདམོ་འདི་གིས་བུམོ་གསང་བ་ཀུན་ལེགས་ཡོན་ཏན་ལུ་སྤྲུལ་ཏེ་ཁོང་གཉིས་ལུས་ཀྱི་འབྲེལ་བ་འབད་ཚར་བའི་ཤུལ་ལས་བདུདམོ་འདི་གིས་བུ་འདིའི་སྙིང་བཏོན་ཏེ་ཟ་ད་ནུག དེ་ཅིག་གི་བར་ན་བུམོ་འདི་ལྷོད་པའི་སྐབས་བུ་འདི་རྣམ་ཤེས་མེད་པའི་ལུས་ཅིག་ལུ་འགྱུར་སོངཔ་ལས་བུམོ་འདི་གིས་ཕུངམོ་འདི་འབག་སྟེ་མཁས་དབང་ལྷ་ཁང་གི་གདོང་ཁར་རྡོ་ཅིག་ཡོད་མི་ལུ་བཞག་སྟེ་སྐྱབས་འཚོལ་བའི་སྐབས་སྟོན་པའི་སྐུ་འདྲ་འདི་གིས་དེ་སྦེ་གསུང་བྱོན་ནུག་ བུ་མོ་མྱ་ངན་མ་འབད། ཁྱོད་ལུ་ཆ་རོགས་འབད་མི་སྒང་སྟེང་དགོན་པ་ལུ་སྒང་སྟེང་སྤྲུལ་སྐུ་བཞུགས་ཏེ་ཡོད། ཡར་སོང་ཟེར་གསུངས་ཏེ་ཕུངམོ་འདི་འབག་འགྱོ་བའི་སྐབས་ཕུངམོ་གི་ཤུལ་འདི་རྡོ་གུར་ལུས་སོངཔ་ཨིན་ཟེར་ད་ལྟོ་བར་ན་ཡང་མཇལ་ནི་འདུག།
༼བཤད་གྲྭ་དབུས་བརྙེས་པའི་ལོ་རྒྱུས།༽
མཁས་དབང་ལྷ་ཁང་འདི་སྔོན་མ་གཡུས་མི་ཚུ་གིས་རྒྱུན་སྐྱོང་ཐབས་ཏེ་ཡོད་རུང་སྤྱི་ལོ་ ༢༠༠༨ ལུ་༸སྐྱབས་རྗེ་སྒང་སྤྲུལ་རིན་པོ་ཆེ་མཆོག་གིས་སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་པདྨ་གླིང་པའི་བསྟན་པ་མ་འོངས་ཡུན་དུ་གནས་ཐབས་ལུ་ཐུགས་ཀྱི་བརྩེ་བ་རྒྱ་ཆེ་ས་ལས་གཟིགས་ཏེ་དཔལ་སྒང་སྟེང་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་བཤད་གྲྭ་ལས་སློབ་དཔོན་སྐུམ་བུ་རྡོ་རྗེ་མཆོག་མཁས་དབང་ལྷ་ཁང་ལུ་སློབ་དཔོན་གྱི་བདག་རྐྱེན་གནང་སྟེ་གཞི་རིམ་བཤད་གྲྭ་གསར་འཛུགས་པའི་རྟེན་འབྲེལ་དང་བསྟུན་ ལྷ་ཁང་གི་མཚན་ཡང་ མཁས་དབང་བྱང་ཆུབ་ཆོས་གླིང་ཟེར་བཏགས་གནང་ནུག ཧེ་མ་འབད་བ་ཅིན་ ལྷ་ཁང་གི་མཚན་ལུ་མཁས་དབང་ལྷ་ཁང་ཟེར་ཞུ་དོ་ཡོདཔ་ཨིན་པས། མཁས་དབང་ཟེར་སླབ་དགོ་པའི་རྒྱུ་མཚན་ཡང་ མཁས་ཟེར་མི་འདི་གཡུས་འདིའི་ཁ་སྐད་ལས་ཆུ་ལུ་གོཝ་ཨིནམ་དང་། དབང་ཟེར་མི་འདི་དོང་ལུ་གོཝ་ལས་ཆུའི་རྫིང་གི་སྟེང་ལུ་ཆགས་ཡོད་ནི་འདི་གིས་ཨིན་ཟེར་བཤད་ནི་འདུག བཤད་གྲྭ་དབུ་བརྙེས་པའི་ལོ་ལས་བཟུང་ད་ལྟོའི་བར་ན་མཁས་དབང་གཞི་རིམ་བཤད་གྲྭ་འདི་ནང་ལུ་མཐོ་རིམ་བཤད་གྲྭ་ལས་སློབ་དཔོན་ཚུ་རིམ་པ་བཞིན་དུ་བསྐོས་གནང་ཡོདཔ་དང་། ད་རེས་ནངས་པ་ཨིན་པ་ཅིན་བླ་མ་གིས་གཙོས་པའི་སློབ་དཔོན་གཉིས་ཀྱིས་སློབ་ཕྲུག་ཚུ་ལུ་སློབ་སྦྱོང་དང་། ཕྱི་ནང་གི་འཛིན་སྐྱོང་ག་ཅིའི་ཐད་ལས་འབད་རུང་མི་ཉམས་པར་གནས་ཏེ་བཞག་ནིའི་གཞི་གཙོ་བོར་བཟུང་ཏེ་འཛིན་སྐྱོང་སྤེལ་གསུམ་མཛད་དང་མཛད་བཞིན་དུ་ཡོདཔ་ཨིན། སློབ་ཚན་གི་ཐད་ལས་འབད་རུང་བརྡ་ཡིག་སུམ་རྟགས་ལས་འགོ་བཙུགས་ཏེ་གཞུང་ཆེན་ཁག་དང་། ལྷག་པར་པད་གླིང་གི་གར་ཐིག་དབྱངས་གསུམ་ཚུ་སློབ་ཚན་ནང་བཙུགས་ཏེ་སློབ་སྦྱོང་སྤྲོད་བཞིན་དུ་ཡོདཔ་ཨིན་པས།
༼ལྷ་ཁང་རྒྱ་སྐྱེད་དང་བཀྲིས་རབ་གནས་གནང་བའི་སྐོར།༽
ཧེ་མ་སྤྲུལ་སྐུ་དཔལ་འབྱོར་རྒྱལ་མཚན་གྱིས་བཞེངས་གནང་པའི་ལྷ་ཁང་འདི་རྒྱ་སྐྱེད་མ་འབད་བར་སྔར་ག་ཨིནམ་སྦེ་ཡོདཔ་ཨིན་རུང་། ད་རེས་ནངས་པ་གསུང་ཆོག་གནང་བའི་སྐབས་བྱ་སྟབས་མ་བདེ་བར་གསུང་ཆོག་གནང་ས་ཅིག་རྒྱ་སྐྱེད་མཛད་ཡོདཔ་མ་ཚད་ལྷ་ཁང་གི་གཡས་གཡོན་ལུ་གྲྭ་ཤག་ཚུ་གསར་སྒྲུབ་གནང་སྟེ་འདུག དེ་ལས་ལོ་རྒྱུས་ནང་སྤྲུལ་སྐུ་དཔལ་འབྱོར་རྒྱལ་མཚན་མཆོག་གིས་ལྷ་ཁང་བཞེངས་ཚར་ཞིནམ་ལས་ནང་རྟེན་སྐུ་འདྲ་ཚུ་བཞེངས་པའི་སྐབས་སྤྲུལ་སྐུ་ཁོ་རའི་ཉམས་སྣང་ལུ་སྐུ་འདྲ་བཞེངས་མི་འཇིམ་བཟོ་གྲུབ་ཐོབ་འདི་ཞིང་ལུ་ཕེབས་ནི་ཨིནམ་མཁྱེན་ཏེ་གྲུབ་ཐོབ་འདི་ལུ་མགྱོགས་པར་བཞེངས་དགོཔ་སྦེ་བཀའ་གནང་སྟེ་སྐུ་འདྲ་འདི་ཚུ་གི་མཉན་ཚུ་ཆེ་ཆུང་ཡོདཔ་མ་ཚད་ཞལ་ཚུ་ཡང་མ་དགཔ་སྦེ་ད་རེས་ནངས་པར་ཡང་མཇལ་ནི་འདུག གྲུབ་ཐོབ་དེ་ཡང་ཞིང་ལུ་བྱོན་པའི་སྐབས་སྐུ་འདྲ་ཚུ་ཉམས་སྣང་ལུ་བཞུགས་བཞུགསཔ་ཨིན་ཟེར་སྤྱན་ཚུ་ཡང་སྐུ་འདྲ་གཞན་དང་མ་འདྲཝ་འབད་ཡོདཔ་ཨིན། དེ་མ་ཚད་ཐུགས་སྲས་ཟླ་བ་རྒྱལ་མཚན་གྱིས་སྐུ་འདྲའི་སྐུ་མདུན་ལུ་སྦེ་རབ་གནས་མཛད་པའི་སྐབས་ཕྱག་འབྲུ་གནངམ་ད་འབྲུ་ཚུ་སྟོན་པའི་སྐུ་འདྲ་གི་སྨིན་མཚམས་ལས་མེ་ཏོག་ཕྲེང་བའི་ཚུལ་ལུ་དཔྱང་སྟེ་ཤུལ་ལས་མི་སེར་ཚུ་གིས་མཇལ་བའི་སྐབས་ཡལ་ཡར་སོངཔ་སྦེ་ཁ་རྒྱུན་ལས་བཤད་ནི་འདུག ད་རུང་གཞན་ཡང་བླམ་འབྲུག་པ་ཀུན་ལེགས་མཆོག་གིས་ཡང་རབ་གནས་མཛད་ཡོད་པའི་རྒྱུ་མཚན་ལུ་ལྷ་ཁང་གི་ལྟག་ལུ་ཞབས་རྗེས་གཅིག་ཡང་ཡོད་པའི་ལོ་རྒྱུས་བཤད་ནི་འདུག།
༼དུས་མཆོད་འབུམ་སྡེའི་སྐོར།༽
ཧེ་མ་འབད་བ་ཅིན་སྤྲུལ་སྐུ་ཁོ་རའི་སྦྱིན་བདག་གོར་ཕུག་ལས་གསུམ་དང་ཤར་བྱེ་ནག་ལས་བདུན་བཅས་ཡོངས་བསྡོམས་ཁྱལཔ་བཅུ་ཐམ་ཡོད་པའི་ནང་ལས་ཁོང་ཁྱལཔ་གསུམ་གྱིས་ད་རེས་ནངས་པ་ཡང་ཉིནམ་གཅིག་སྦྱིན་བདག་མཛད་དེ་རང་ཟླ་གཉིས་པ་ནང་ལུ་ཚེས་བཅུའི་ཚོགས་འཁོར་གནང་སྲོལ་འདུག ཟླཝ་བདུན་པའི་ཚེས་བཅུའི་ཚོགས་འཁོར་འདི་ཁོང་ཁྱལཔ་བདུན་གྱིས་རྒྱུན་མ་ཆད་པར་གནང་སྲོལ་ཡོདཔ་ཨིནམ་དང་། ཟླཝ་དགུ་པའི་ཚེས་གཉིས་ལུ་གོར་ཕུག་གི་ཁྱལཔ་གསུམ་དང་ཤར་བྱེ་ནག་གི་ཁྱེལཔ་བདུན་བསྡོམས་ཏེ་སྦྱིན་བདག་མཛད་ཐོག་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་སྔགས་སྲུང་མའི་གསུང་ཆོག་འདི་བཏང་སྲོལ་ཡོདཔ་ཨིན་པས། དེ་མ་ཚད་ཟླ་འདིའི་ཚེས་གསུམ་དང་བཞི་ལུ་གྲོང་ཧ་མན་ཆད་དང་གོར་ཕུག་ཡན་ཆད་ཀྱི་གཡུས་མི་ཚུ་མཉམ་རུབ་ཐོག་ཉིནམ་གཉིས་ཀྱི་རིང་མཁས་དབང་ཚེས་བཅུའི་སྦྱིན་བདག་མཛད་དོ་ཡོདཔ་ཨིནམ་ད། ད་རེས་ནངས་པ་འབད་བ་ཅིན་ཧེ་མ་ཡོད་པའི་དུས་མཆོད་འབུམ་སྡེ་བཟུང་བའི་ཐོག་ཁར་ཟླ་བཞི་པའི་ཚེས་བཅོ་ལྔ་དུས་ཆེན་ལྔ་འཛོམས་དང་འབྲེལ་སྨྱུང་གནས། ཟླ་ལྔ་ལུ་སྤྲེལ་ཟླ་ཚེས་བཅུ། ཟླ་དྲུག་ལུ་དྲུག་པ་ཚེས་བཞི། ཟླ་བདུན་པའི་ནང་སྨྱུང་གནས། ཟླ་དགུ་པའི་ནང་ལྷ་བབས་དུས་ཆེན་ཚུ་ཡང་ལོ་བསྟར་བཞིན་བཟུང་སྲོལ་ཡོདཔ་ཨིན་པས།ཧེ་མ་མཁས་དབང་ཚེས་བཅུ་འདི་ལོ་བསྟར་གནང་སྲོལ་ཡོད་རུང་། བར་སྐབས་ཅིག་ལས་ལྟདམོ་བལྟ་མི་དང་འཆམ་རྐྱབ་མི་གི་ཐད་ལུ་དཀའ་ངལ་བྱུངམ་ལས་བརྟེན་ མི་སེར་ཚུ་གྲོས་བསྡུར་འབད་ཞིནམ་ལས་ལོ་འདི་ལུ་སྐུ་འཆམ་མ་གནང་པར་བཞག་ཡོདཔ་ཨིན་པས། དེ་ལས་ཟླཝ་བཅུ་གཅིག་པ་ནང་མི་སེར་ཚུ་ཤར་བྱེ་ནག་ལུ་སྡོད་པའི་སྐབས་གནམ་ཁ་ལས་སེརཝ་དང་རྟ་ནོར་ཚུ་རིམ་གྱིས་སྦེ་ཤི་སྟེ་ ཨ་རྟག་དང་མ་འདྲ་བའི་རྟགས་ངན་པ་ལེ་ཤ་བྱུངམ་ལས་བླམ་ཚུ་ལུ་ཐུགས་རྟགས་ཞུ་བའི་ཤུལ་མ་ མཁས་དབང་ཚེས་བཅུ་འདི་ལོག་སྟེ་རང་རྐྱབ་དགོཔ་སྦེ་འཐོན་ཡོདཔ་ལས་ཟླཝ་བཅུ་གཅིག་པ་ནང་ལུ་ཕོབ་སྦྱིས་ཁ་ལུ་འོང་ཞིནམ་ལས་མཁས་དབང་ཚེས་བཅུ་འདི་ལོ་འདི་ལས་འགོ་བཟུང་ད་ལྟོའི་བར་ན་ཡང་འཆམ་གྱི་ལེའུའི་ག་ཅི་ཐད་ལས་འབད་རུང་རྒྱུན་མ་ཉམས་པར་གནང་སྲོལ་ཡོད་ཟེར་བཤད་ནི་འདུག