Select Page

Do-ngag Thoesam Rabgayling Thorim (higher) Shedra (College), Gangteng Gewog, Wangdiphodrang

༼སྒང་སྟེང་མཐོ་སློབ་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་གི་ཆགས་རབས་དང་འབྲེལ་བའི་ལོ་རྒྱུས།༽

ཟབ་གསང་ཐེག་མཆོག་སྙིང་པོ་ངེས་པ་དོན་གྱི་བསྟན་པའི་བདག་པོ་དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་གདན་རབས་དགུ་པ་ཀུན་བཟང་རིག་འཛིན་པད་མ་རྣམ་རྒྱལ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ལས། རྒྱལ་བ་ཤཱཀྱའི་བསྟན་པ་དང་འགྲོ་བའི་མཐའ་དོན་ལུ། ལྷོ་སྨོན་ཁ་བཞི་དབང་དུ་བསྡུ་བའི་རྟེན་འབྲེལ་ཡོད་པའི་དབང་འདུས་ཕོ་བྲང་གི་ཆ་འོག་དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་གི་བཤད་གྲྭ་འདི། སྤྱི་ལོ་ ༡༩༨༥ རབ་བྱུང་ ༡༦ པའི་ཤིང་གླང་ཟླ་ ༦ པའི་ཚེས་༤ ལུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་ ནང་པའི་མདོ་སྔགས་རིག་གཞུང་སློབ་སྦྱོང་གི་ལྟེ་བ་སྦེ་གསར་འཛུགས་མཛད་གནང་ནུག དེ་གི་བདག་རྐྱེན་གཙོ་བོ་ ༸སྐྱབས་རྗེ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་མེེ་སོར་རྣམ་གྲོལ་གླིང་བཤད་གྲྭ་ནང་མདོ་སྔགས་རིག་གཞུང་རྒྱ་མཚོར་ཐོས་བསམ་གྱི་བྱ་བ་ལུ་བརྩོན་བཞུགས་པའི་སྐབས། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་པད་མ་ནོར་བུ་ཞབས་ཀྱིས་དམིགས་བསལ་དུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་བཀའ་སློབ་གསུངས་དོན་དེ་ཡང་། འབྲུག་རྒྱལ་ཁབ་འདི་ཆོས་ལྡན་གྱི་རྒྱལ་ཁབ། ལྷག་པར་དུ་ཨོ་རྒྱན་རིན་པོ་ཆེ་མཆོག་གི་སྦས་གནས་ཁྱད་པར་ཅན་ཅིག་ཨིནམ་ལས་རང་གིས་ཀྱང་འདི་ནང་ནང་པའི་བཤད་སྒྲུབ་ཀྱི་སྡེ་གསར་པ་ཅིག་བཙུགས་འདོད་ཧ་ཅང་གིས་ཡོད་རུང་། རང་སྐྱབས་བཅོལ་བ་ཅིག་འབདཝ་ལས་བརྟེན་རྒྱལ་ཁབ་འདི་ནང་དེ་བཟུམ་མཛད་ཐབས་མེདཔ་ལས། རིན་པོ་མཆོག་གིས་འབྲུག་ལུ་ ནང་པ་སངས་རྒྱས་པའི་བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་རྙིང་མ། ཡང་ཁྱད་པར་པད་གླིང་རང་གི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གྱི་དོན་ལུ་བཤད་སྒྲུབ་ཀྱི་སྡེ་ཅིག་ངེས་པར་དུ་བཙུགས་དགོ་པའི་བཀའ་སློབ་དང་འདི་ནང་ལོ་བསྟར་དཔེ་ཆ་སློབ་སྟོན་གནང་མི་མཁན་སློབ་ཀྱི་རིགས་ཡང་རྣམ་གྲོལ་གླིང་བཤད་གྲྭ་ལས་གནང་ནི་ཨིན་པའི་ཞལ་བཞེས་བཟང་པོ་ཐོབ་ཡོདཔ་མ་ཚད། གཞན་ཡང་རྒྱལ་ཁབ་ཕྱི་ནང་གི་བླ་ཆེན་མང་རབས་ཅིག་གིས་བཤད་སྒྲུབ་ཀྱི་སྡེ་ཅིག་ངེས་པར་དུ་བཙུགས་དགོ་པའི་བཀའ་སློབ་ཐུགས་སྨོན་བཟང་པོ་གནང་གནངམ་དང་། ལྷག་པར་དུ་ང་བཅས་རའི་སྤྱི་གཙུག་གི་ནོར་བུ་མི་དབང་འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དགོན་པ་འདི་ནང་ལུ་ཞབས་ཀྱིས་བཅགས་གནང་བའི་སྐབས། སྒང་སྟེང་གི་གཙུག་ལག་ཁང་འདི་འབྲུག་རྒྱལ་ཁབ་ནང་གཙུག་ལག་ཁང་རྙིང་ཤོས་དང་རྩ་ཅན་ཅིག་ཨིནམ་ལས། དེ་ཁར་བཤད་གྲྭ་ཅིག་བཙུགས་དགོ་པའི་བཀའ་དགོངས་གསེར་གྱི་ཐིག་པ་སྤྱི་བོར་ཕེབས་ཏེ་བཤད་གྲྭ་བཙུགས་ཚུགས་པའི་དུས་སྐབས་བཟང་པོ་ཤར་ནུག།
འགོ་ཐོག་བཤད་གྲྭ་གསར་བཙུགས་མཛད་པའི་ནམ་དུས་ལུ་རྒྱལ་ཁབ་ཀྱི་ས་གནས་ཁག་ལས་གསར་བཞུགས་དགེ་འདུན་ཞལ་གྲངས་ ༦༡ གིས་བསླབ་པ་སློབ་སྦྱོང་གི་རིམ་པ་འགོ་བཙུགས་གནང་ནུག །བཤད་གྲྭ་གཞི་བཙུགས་ཀྱི་སྒོ་འབྱེད་མཛད་དེ་ཡུན་མ་རིངམ་ཅིག་གི་བར་ན་ཡོངས་རྫོགས་བསྟན་པའི་མངའ་བདག་ ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་མ་དགོན་བཤད་གྲྭ་འདི་ནང་ཞབས་བཅགས་བྱིན་གྱིས་བརླབས་ཏེ་རྟེན་འབྱུང་ལེགས་མཚོན་བཀྲིས་བདེ་ལེགས་ཀྱི་ཚུལ་དུ་དགེ་འདུན་སློབ་ཕྲུག་ཡོངས་ལུ་སྟོན་པའི་སྐུ་པར་རེ་དང་བཀྲིས་པའི་ལེགས་དར་རེ་གནང་ནུག །ཡང་སྒྲུབ་པའི་དབང་ཕྱུག་ ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཡང་གདན་ས་འདི་ཁར་ཞབས་བཅགས་གནང་སྟེ་བཤད་གྲྭ་བ་ཆ་མཉམ་ལུ་བཀའ་སློབ་གསུང་བཤད་དང་བློ་རིག་རྒྱས་པའི་རྟེན་འབྲེལ་ལུ་དམིགས་ཏེ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་ཡང་གནང་བ་གིས་མ་ཚད། བཤད་གྲྭ་གི་མིང་དང་དོན་མཐུན་ཏོག་ཏོ་ཅིག་བཟོ་དགོཔ་གལ་ཆེ་ཟེར་བའི་བཀའ་སློབ་གསུངས་ཏེ་དགོངས་འཆར་ཐུགས་སྨོན་དང་བཅསཔ་འབད་བཤད་གྲྭའི་མཚན་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་ཟེར་བཏགས་གནང་ནུག །མཁས་བཙུན་གྲུབ་པའི་དབང་ཕྱུག་མཁན་རིན་པོ་ཆེ་ཟླ་ཟེར་མཆོག་ཡང་མ་དགོན་འདི་ནང་ཞབས་ཀྱིས་བཅགས་ཏེ། ༸སྐྱབས་རྗེ་མཆོག་གིས་གཙོས་པའི་དད་ལྡན་བུ་སློབ་ཡོངས་ལུ་བསྟན་པ་སྤྱི་དང་། བྱེ་བྲག་པད་གླིང་རང་གི་བསྟན་པ་ཡུན་རིངམ་གནས་པའི་ཐབས་ལུ། གཙོ་བོ་སྔ་འགྱུར་རྙིང་མའི་ཆོས་སྡེ་སྒང་སྟེང་གསང་སྔགས་ཆོས་གླིང་འདི་ནང་རྒྱལ་བའི་བཀའ་བསྟན་མདོ་སྔགས་ཀྱི་གཞུང་ཚུ་ལུ་ཐོས་བསམ་འབད་དགོ་པའི་བཀའ་སློབ་བསླབ་སྟོན་བཟང་པོའི་རྟེན་འབྲེལ་གྱི་ཆེ་བ་ལུ་དགོངས་ཏེ་བཀྲིས་ལེགས་མཚོན་ལུ་དངུལ་ཀྲམ་ ༣༠༠ ཐམ་པ་དང་འཇམ་མགོན་མི་ཕམ་བླ་མའི་མཁས་འཇུག་དཔེ་ཚན་ཁག་ཅིག་འཇམ་དབྱངས་དམར་སེར་ལུ་བརྟེན་པའི་བཀྲིས་རྒྱས་པའི་ཆོ་ག་དཔེ་ཚན་ ༢༠ ལྷ་རེག་དར་དཀར་དང་བཅས་གནང་ནུག།
བཤད་གྲྭ་གཞི་བཙུགས་མཛད་དེ་ཟླ་ངོ་གཅིག་ལྷག་ཙམ་སོང་བའི་ཤུལ་ལས་ ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་དམིགས་བསལ་སྦེ། རྒྱ་གར་ལྷོ་ཕྱོགས་མེེ་སོར་རྣམ་གྲོལ་གླིང་བཤད་གྲྭ་ནང་ལས་མཁན་ཆེན་རིན་པོ་ཆེ་པད་མ་ཤེས་རབ་མཆོག་གདན་སའི་དགུན་གྱི་བཞུགས་གནས་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་ལུ་གདན་འདྲེན་ཞུས་ཏེ། བཤད་གྲྭའི་དགེ་འདུན་པ་ཆ་མཉམ་ལུ་དགེ་ཚུལ་སློང་གི་སྡོམ་པ་སྒྲུབ་གནང་མི་དང་གཅིག་ཁར། ༸སྐྱབས་རྗེ་རིན་པོ་ཆེ་གིས་གཙོས་པའི་བཤད་གྲྭའི་མཁན་སློབ་འདུས་ཚོགས་ག་ར་ལུ་ཚད་མ་རིག་གཏེར་གྱི་བཤད་ཁྲིད་དང་ཞོར་ཁར་དཔེ་ཁྲིད་གཞན་ཡང་མང་རབས་ཅིག་གནང་ནུག །དེ་མ་ཚད་བཤད་གྲྭའི་སློབ་ཚན་དང་སྒྲིག་གཞི་ཚུ་གཏན་འཁེལ་བཟོ་གནང་སྟེ་ཕྱི་འཛིན་སྐྱོང་ཐབས་ཐངས་དང་ནང་ཤེས་ཡོན་ཡར་རྒྱས་གཏང་ནི་གི་ལམ་སྟོན་ཚུ་ཡང་མཛད་གནང་ནུག །དུས་ཚོད་འདི་ལས་འགོ་བཟུང་མཁན་རིན་པོ་ཆེ་མཆོག་གིས་མཐོ་སློབ་བཤད་གྲྭ་འདི་ནང་ལུ་ཕ་དང་བུ་གི་བརྩེ་བ་ལས་ལྷགཔ་སྦེ་རྗེས་སུ་བཟུང་ཞིནམ་ལས་ལོ་གཉིས་བར་ན་ཐེངས་རེ་ཞབས་བཀོད་གནང་སྟེ་བསྡུས་རྟགས་བློ་གསུམ་ལས་འགོ་བཙུགས་གཞུང་ཆེན་རིག་པའི་གནས་དང་འོད་གསལ་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་གི་ཆོས་འཁོར་ད་ལྟའི་བར་དུ་གནང་དང་གནང་བཞིན་ཡོད།
བཤད་གྲྭ་འགོ་བཙུགསཔ་ད་དེ་བསྒང་ ༸སྐྱབས་རྗེ་མཆོག་ལུ་རྒྱུ་དངུལ་གྱི་མཐུན་རྐྱེན་ག་ཅིའི་ཐད་ལས་འབད་རུང་ཉག་ཕྲ་བའི་དུས་ཚོད་ཅིག་གི་གནས་སྟངས་ཅིག་ལུ་ཐུག་ཡོདཔ་ལས་འདི་ནང་ལུ་ ༸སྐྱབས་རྗེ་མཆོག་ལུ་དམིགས་བསལ་གྱི་ཐུགས་ཀྱི་བརྩེ་བ་མཛད་མི་སྦྱིན་བདག་གཙོ་བོ་བསྟན་པའི་ཞབས་འདེགས་མི་དབང་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་མཆོག་དང་རྒྱལ་ཡུམ་མཆོག་གི་སྐུ་སྒེར་དྲུང་ཆེན་སློབ་དཔོན་ཕུརཔ་རྡོ་རྗེ་རྣམ་གཉིས་ཀྱིས་བཤད་གྲྭ་ནང་། འཚོ་བའི་མཐུན་རྐྱེན་ག་ཅི་ཐད་ལས་འབད་རུང་གྲོགས་རམ་ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་མཛད་གནང་ཡོདཔ་མ་ཚད། བཤད་གྲྭའི་ཚོགས་ཁང་ཐོག་ཚད་མ་གཅིག་ནང་རྟེན་མཆོད་རྫས་མཆོད་ཆ་དང་བཅསཔ་སྦེ་གསར་བཞེངས་མཛད་གནང་ནུག །གཞན་ཡང་ལྷག་བསམ་རྣམ་དཀར་གྱི་དད་ལྡན་སྦྱིན་བདག་ཁག་ལས་དངུལ་རྐྱང་དང་བཟའ་འཐུང་གི་རིགས་ལས་འགོ་བཙུགས་རྒྱབ་སྐྱོར་དང་། འབྲུག་གཞུང་འཛམ་གླིང་བཟའ་སྤྱོད་ལས་འཛིན་གྱི་ཧོང་ལས་ཡང་ལོ་དག་པ་ཅིག་གི་རིང་འཚོ་བའི་ཡོ་བྱད་ཀྱི་གྲོགས་རམ་གནང་ནུག །བཤད་གྲྭ་འདི་ནང་དགེ་སློང་གསར་ཞུགས་སྦེ་འོང་མི་ལོ་བསྟར་བཞིན་དུ་ཡར་འཕར་སོང་ཡོདཔ་ལས། སློབ་སྦྱོང་གི་རིམ་པ་ཡང་གོང་འཕེལ་དང་ཡར་དྲག་སོང་སྟེ་དགེ་འདུན་པ་མི་གྲངས་ ༣ གྱིས་སྤྱི་ལོ་ ༡༩༩༩ གི་ལོར་འགོ་དང་པ་འཛིན་རིམ་དགུ་པའི་བསླབ་པ་མཐར་སོན་ཏེ་ད་ལྟོའི་བར་ན་ཡང་མི་གྲངས་བརྒྱ་དང་དྲུག་ཅུ་ལྷག་ཙམ་གྱིས་འཛིན་གྲྭ་དགུ་པ་མཐར་འཁྱོལ་ཡོདཔ་ཨིན།
༼མཐོ་སློབ་ཆེན་མོའི་ད་ལྟའི་འཛིན་སྐྱོང་གནང་ཕྱོགས་ཀྱི་སྐོར། ༽
དེ་ཡང་བཤད་གྲྭ་འགོ་བཙུགས་པའི་ནམ་དུས་ལས་ ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་བཟང་པོའི་ འོག་ལུ་དབུ་འཛིན་དང་མཁན་སློབ་རྣམས་ཀྱིས་བཤད་གྲྭ་འཛིན་སྐྱོང་གི་ཐབས་ལམ་བཟང་པོ་འགོ་བཙུགས་གནང་བ་དང་ལྷག་པར་སྤྱི་ལོ་ ༢༠༠༧ ལས་མཁན་རིན་པོ་ཆེ་རྟ་མགྲིན་སྲི་ཐུབ་དབུ་འཛིན་བདུན་པའི་ཕྱག་འགན་བཞེས་ཏེ་འཛིན་སྐྱོང་གི་ལམ་ལུགས་སྔར་ཡོད་གོང་འཕེལ་དང་སྔར་མེད་དེང་དུས་དང་མཐུན་པར་གསར་བཙུགས་མཛད་གནང་ཡོད་མི་ད་ལྟོའི་བར་ན་ཡང་དབུ་འཛིན་རིམ་བྱོན་རྣམས་ཀྱིས་མི་ཉམས་རྒྱུན་སྐྱོང་འཐབ་བཞིན་ཡོད། དེ་ཡང་འཛིན་སྐྱོང་གི་ཕྱག་འགན་གཙོ་བོ་སྐབས་ཐོབ་ཀྱི་དབུ་འཛིན་གྱིས་གཙོ་བོར་མཛད་དེ་མཁན་སློབ་རྣམས་ཀྱིས་བཤད་གྲྭའི་སྒྲིག་གཞི་དང་སྒྲིག་ལམ། སློབ་གཉེར་བའི་ཤེས་ཡོན་དང་ཚུལ་ཀུན་སྤྱོད་སོགས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་སྤྱི་ཁྱབ་ཀྱི་གཟིགས་རྟོག་གནང་དགོཔ་ཨིན། མཁན་སློབ་གང་རུང་ཅིག་གིས་རྟེན་གསུམ་ཉམས་བཅོས་དང་འབྲེལ་བའི་ཕྱག་འགན་བསྣམས་མི་རྟེན་སྲུང་འགན་འཛིན་པ་གཅིག་དང་། དགེ་འདུན་པའི་འཚོ་བ་མཐུན་རྐྱེན་གཙོ་བོ་མཁོ་སྒྲུབ་གནང་མི་དངུལ་གཉེར་གྱི་ཕྱག་འགན་བཞེས་མི་གཅིག་དང་། བཤད་གྲྭའི་སྒྲིག་གཞི་བདག་གཉེར་མཛད་མི་སློབ་དཔོན་གཅིག་དང་། དེ་ལས་མཐོ་སློབ་ཆེན་མོའི་རྒྱུན་སྐྱོང་དང་འབྲེལ་བའི་ཡིག་རིགས་ཀྱི་ཕྱག་འགན་གཙོ་བོ་བསྣམས་མི་དྲུང་ཆེན་བཅས་ཡོདཔ་ཨིན། སློབ་ཕྲུག་གི་ཧོང་ལས་འཛིན་སྐྱོང་གཙོ་བོ་གི་ཕྱག་ལས་གནང་མི་མི་ངོ་བརྒྱད་སློབ་ཕྲུག་རང་གི་དེང་སང་དམངས་གཙོའི་ལམ་ལུགས་དང་མཐུན་པའི་གསང་བའི་ཚོགས་རྒྱན་ཐོག་ལས་བཙག་འཐུ་གནང་དགོཔ་དང་དེ་གི་འགན་ཁུར་གཙོ་བོ་བཤད་གྲྭའི་འཛིན་སྐྱོང་ཡིག་ཚང་ནང་ཟླ་རིམ་དད་ལྡན་སྦྱིན་བདག་ཁག་ལས་འབྱོར་བའི་ཚུར་ བྱུང་དངུལ་གྱི་རྩིས་ཤོག་དང་བཅས་པ་བདག་གཉེར་དང་། མགྲོན་ཁྱིམ་བདག་སྐྱོང་བཤད་གྲྭའི་མགྱོནམ་ཆེ་ཆུང་ཀུན་ལུ་ཉེ་རིང་མེད་པར་ངོས་ལེན་གནང་དགོཔ་དང་། དགེ་འདུན་སྤྱི་དམངས་ཀྱི་གཉེར་པའི་འགན་ཁུར་དང་ཡང་བཤད་གྲྭའི་སྣུམ་འཁོར་བདག་འཛིན་འཐབ་སྟེ་བཤད་གྲྭའི་སྤྱི་ལས་ཀྱི་ཉོ་ཚོང་དང་ནང་འདྲེན་འབད་ནི་གི་འགན་ཁུར་ལྷོད་མེད་གནང་སྟེ་ཕྱག་ཕྱིད་ཞུ་དགོཔ་ཨིན། བཤད་གྲྭའི་མ་དངུལ་ཚུར་བྱུང་ཕར་སོང་གི་རྩིས་རྐྱབ་ཐངས་ཀྱི་རིམ་པ་ཡང་གཙོ་བོ་དད་སྦྱིན་ཁག་ལས་ཤི་གསོན་གྱི་རིམ་གྲོ་ལས་འབྱོར་བའི་རྒྱུ་དངུལ་གང་ཡོད་ཟླ་རེའི་མཇུག་མཚམས་ལུ་དང་པ་དངུལ་གཉེར་དྲུང་ཆེན་གྱི་གཙོས་པའི་དཔེ་ཁྲིད་སྐྱོར་དཔོན་དང་འཛིན་སྐྱོང་མི་ངོ་བརྒྱད་དོ་དམ་གོང་འོག་དང་བཅས་ངོ་འཛོམས་ཐོག་རྩིས་ཤོག་དེབ་རེ་རེ་བཞིན་དུ་རྩིས་ཞིབ་རྐྱབ་སྟེ་དངུལ་ཚུར་བྱུང་ཡོངས་བསྡོམས་དང་དྲུང་ཆེན་ནས་ཕར་སོང་གི་རྩིས་གང་ཡོད་རྣམས་རིམ་བཞིན་མཇུག་ཡོངས་སུ་གྲུབ་པའི་མཐའ་མ་ལུ་ཡང་བཤད་གྲྭའི་དབུ་འཛིན་གྱིས་གཙོས་པའི་མཁན་སློབ་དམངས་དང་དཔེ་ཁྲིད་དང་ འཛིན་སྐྱོང་འཛོམས་པའི་སྦུག་ལུ་སྐབས་ཐོབ་འཛིན་སྐྱོང་ཡིག་ཚང་གི་སྐྱོར་དཔོན་ལས་དངུལ་ཚུར་བྱུང་ཕར་སོང་གི་གསལ་བཤད་ཞུ་དགོཔ་དང་ཡང་ཟླ་མཇུག་གི་ལེགས་སྤེལ་ཉེས་འགོག་གི་ཚོགས་འདུའི་སྐབས་དྲུང་ཆེན་གྱིས་དགེ་འདུན་དམངས་ལུ་ཟླ་རིམ་རྩིས་ཀྱི་གསལ་བཤད་ཞུ་དགོསཔ་ཨིན། ཚུར་བྱུང་དངུལ་གཏང་ཐངས་ཀྱི་རིམ་པ་ཡང་དངུལ་ཡོངས་བསྡོམས་ ལས་བརྒྱ་ཆ་ ༤༠ དགེ་འདུན་དམངས་ལུ་ཕུལ་དགོཔ་དང་། བརྒྱ་ཆ་ ༣༠ རྟེན་གསུམ་ཉམས་བཅོས་ཀྱི་རིགས་ལུ་གཏང་ནི་དང་བརྒྱ་ཆ་ ༣༠ འཚོ་རྟེན་ནང་ལུ་ལག་ལེན་འཐབ་དགོཔ་ཨིན།

༼མཐོ་སློབ་ཆེན་མོའི་དབུ་འཛིན་རིམ་བྱོན་གྱི་སྐོར། ༽
བཤད་གྲྭ་གསརཔ་དབུ་འཛུགས་མཛད་པའི་སྐབས་དབུ་འཛིན་འགོ་ཐོག་ཀྲོང་གསར་ཚང་ཁ་ལས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རིན་པོ་ཆེ་ནོར་བུ་དབང་ཕྱུག་གི་དངོས་སློབ་གཙོ་བོ་མཁན་པོ་ཆོས་འཕེལ་ཆེད་མངགས་སྦེ་གདན་འདྲེན་ཞུས་ཏེ་༸སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་མཁན་པོའི་བདག་རྐྱེན་ཕུལ་ཏེ་བཤད་གྲྭའི་དབུ་འཛིན་དང་པོའི་ཕྱག་འགན་རྩིས་སྤྲོད་གནང་བ་དང་གཅིག་ཁར་མཁན་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་ལུ་སློབ་དཔོན་ཡང་སྒྲུབ་དཔོན་འབྲུག་སྒྲ་རྒྱ་མཚོ་དང་རྡོར་སློབ་བགྲེསཔ་སློབ་དཔོན་ཕུར་པ་རྡོ་རྗེ་རྣམ་གཉིས་དང་གཞན་ཡང་སློབ་དཔོན་རྣམས་ཀྱིས་དཀའ་སྡུག་ག་ཅི་ལུ་ཡང་ཐུགས་སུན་མེད་པར་བསྟན་པའི་ཞབས་འདེགས་ཁོ་ན་ལུ་དགོངས་ཏེ་མདོ་སྔགས་རིག་གནས་སྤྱི་དང་པད་གླིང་རང་གི་ཕྱི་ཀུན་རྫོབ་ཀྱི་ཕྱག་ལེན་དང་ནང་བསྐྱེད་རྫོགས་སྒོམ་ཐབས་ཀྱི་རིམ་པ་ཚུ་ལྷག་བསམ་རྣམ་པར་དག་པའི་ཐོག་ལས་སློབ་སྟོན་དང་བཤད་ཁྲིད་གནང་སྟེ་ལོ་ངོ་གཉིས་ལྷག་ཙམ་གི་རིང་བཞུགས་གནང་པ་མ་ཚད་ མཁན་རིན་པོ་ཆེ་མཆོག་སྔ་ཚང་བཤད་གྲྭར་བཞུགས་པའི་ཤུལ་ལས་ལོག་སྟེ་བཤད་གྲྭ་འདི་ཁའི་ལས་ཐོག་མཁན་པོ་ལོ་ངོ་གཅིག་མཛད་གནང་ནུག།
དེའི་རྗེས་སུ་དབུ་འཛིན་གཉིས་པ་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་མོ་རྣམ་གྲོལ་གླིང་བཤད་གྲྭ་ནང་ལས་མཁན་པོ་ཀཱ་ཏྱཱ་ཡ་ན་མཆོག་ཕེབས་ཏེ་ནང་ཤེས་ཡོན་སློབ་ཁྲིད་དང་ཕྱི་འཛིན་སྐྱོང་གི་ཕྱག་འགན་ལོ་ངོ་གཅིག་གི་རིང་མཛད་གནང་ནུག།
དེའི་རྗེས་སུ་བཤད་གྲྭའི་དབུ་འཛིན་གསུམ་པ་བོད་ཁམས་ཕྱོགས་ལས་མཁན་རིན་པོ་ཆེ་འགྱུར་མེད་འཕྲིན་ལས་མཆོག་གདན་འདྲེན་ཞུས་ཏེ་དབུ་འཛིན་གསུམ་པའི་ཕྱག་འགན་བཞེས་ཏེ་སྐལ་ལྡན་གྱི་བུ་སློབ་ཡོངས་ལུ་གཞུང་དང་རིག་པའི་གནས་རྩིས་ལས་འགོ་བཙུགས་བཤད་ཁྲིད་མཛད་དེ་ལོ་ངོ་གསུམ་གྱི་རིང་བཞུགས་གནང་ནུག།
དབུ་འཛིན་བཞི་པ་ཡང་རྣམ་གྲོལ་གླིང་བཤད་གྲྭ་ནང་ལས་ མཁན་རིན་པོ་ཆེ་སྐལ་བཟང་ཉི་མ་མཆོག་ཕེབས་གནང་སྟེ་ཕྱི་བཤད་གྲྭའི་འཛིན་སྐྱོང་དང་ནང་མདོ་སྔགས་རིག་གཞུང་རྒྱ་མཚོའི་བཤད་ཁྲིད་གནང་ནི་ལུ་སྐུ་འོ་བརྒྱལ་དང་ཐུགས་འཚེར་སྣང་ལུ་མ་འཛེམས་པར་གནང་སྟེ། སྤྱི་ལོ་ ༡༩༩༧ ལུ་བཤད་གྲྭ་ཡང་མ་དགོན་ཆེན་མོ་སྒང་སྟེང་གསང་སྔགས་ཆོས་གླིང་ལས་ཡང་དབེན་ཀུན་བཟང་ཆོས་གླིང་གི་སྒྲུབ་སྡེ་རྙིང་པ་ནང་སྤོ་བཤུད་མཛད་གནང་སྟེ་དབུ་འཛིན་གྱི་ཕྱག་འགན་འཕྲོ་མཐུད་དེ་ལོ་ངོ་བདུན་གྱི་ རིང་མཛད་གནང་ནུག། བཤད་གྲྭ་དེ་ནང་ལས་ལོ་རིམ་དགུ་པ་མཐར་འཁྱོལ་མི་ཡང་མཁན་པོ་དེ་སྐབས་ལུ་འགོ་ཐོག་བྱུང་ནུག།
དེའི་རྗེས་སུ་དབུ་འཛིན་ལྔ་པ་རྣམ་གྲོལ་གླིང་བཤད་གྲྭ་ནང་ལས་བསླབ་པ་མཐར་སོན་སྐྱབས་རྗེ་རིན་པོ་ཆེ་རང་གི་སྐུ་མཆེད་མཁན་རིན་པོ་ཆེ་ཀརྨ་དབང་རྒྱལ་གྱི་ལོ་ངོ་གཅིག་ལྷག་ཙམ་གི་རིང་ཕྱག་འགན་བཞེས་སྟེ་སྤྱི་ལོ་ ༢༠༠༣ ལས་ཡང་དབེན་ཀུན་བཟང་ཆོས་གླིང་གི་སྒྲུབ་སྡེར་ལོ་གསུམ་གྱི་བཅད་རྒྱར་བཞུགས་གནང་ནུག།
དེའི་རྗེས་སུ་དབུ་འཛིན་ལྔ་པ་ཡང་རྒྱ་གར་རྣམ་གྲོལ་གླིང་བཤད་གྲྭ་ནང་ལས་མཁན་པོ་བསྟན་འཛིན་ཕྲིས། མཁན་པོ་རྡོ་རྗེ་རྒྱལ་མཚན། མཁན་པོ་དཔལ་འབྱོར། མཁན་པོ་བསོད་ནམས་སྟོབས་རྒྱས་བཅས་བྱོན་ཏེ་དབུ་འཛིན་གྱི་ཕྱག་འགན་གཙོ་བོ་མཁན་པོ་ བསྟན་འཛིན་ཕྲིས་ཀྱིས་གནང་སྟེ་མདོ་སྔགས་རིག་གཞུང་རྒྱ་མཚོའི་བཤད་ཁྲིད་ཀྱི་རིམ་པ་ལུ་ངལ་བ་མེད་པར་ལོ་ངོ་བདུན་གྱི་རིང་ལས་ཐོག་མཁན་པོའི་བདག་རྐྱེན་བཞེས་གནང་ནུག།
དེའི་རྗེས་སུ་སླར་དབུ་འཛིན་དྲུག་པ་མཁན་པོ་ཀརྨ་དབང་རྒྱལ་གྱིས་གནང་སྟེ་བཤད་གྲྭའི་འཛིན་སྐྱོང་གི་ཕྱག་ལཱ་འཕྲོ་མཐུད་གནང་བཞུགས་པའི་སྐབས་སུ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་རྡོ་རྗེ་སློབ་དཔོན་སྦེ་བསྐོ་བཞག་མཛད་གནང་སྟེ་ གཙུག་ལག་ཁང་ཕྱི་ནང་བར་གསུམ་གྱི་འཛིན་སྐྱོང་འགོ་འདྲེན་འཐབ་གནང་ཡོདཔ་ཨིན་པས།
དབུ་འཛིན་བདུན་པ་ཡང་སྤྱི་ལོ་ ༢༠༠༧ ལུ་རྒྱ་གར་རྣམ་གྲོལ་གླིང་བཤད་གྲྭ་ནང་ལས་མཁན་རིན་པོ་ཆེ་རྟ་མགྲིན་སྲི་ཐུབ་གདན་འདྲེན་ཞུས་ཏེ་ ལོ་ངོ་ ༣ ལྷག་ཙམ་གི་རིང་ བཤད་གྲྭ་བ་ ༣༠༠ ལྷག་ཙམ་ལུ་ སྔར་ལས་ལྷག་པའི་ནང་ཤེས་ཡོན་ཡར་རྒྱས་དང་ཕྱི་བཤད་གྲྭའི་མཐུན་རྐྱེན་ག་ཅིའི་ཐད་ལས་ཡང་ཡར་དྲག་བཟོ་གནང་ཡོད་པ་མ་ཚད། ལྷག་པར་དུ་མཁན་རིན་པོ་ཆེ་མཆོག་གི་ཐུགས་ཤེས་བྱའི་བང་མཛོད་ལས་བསྐྲུན་པའི་བཤད་གྲྭའི་འཛིན་སྐྱོང་འཐབ་ཕྱོགས་ཀྱི་སྐོར་འཛམ་གླིང་རྒྱལ་ཁབ་ཀྱི་ཆོས་སྡེ་ག་ཏེ་ཡང་མེད་པའི་ལམ་སྲོལ་བཟང་པོ་བཙུགས་གནང་སྟེ་ནང་བཤད་གྲྭའི་མཁན་སློབ་འདུས་སྤྱི་ནས་ལོས་ཀྱང་ཉེ་འདབས་ཀྱི་ཡུལ་ཕྱོགས་ཁག་གི་མི་ཆེ་འབྲིང་ཆུང་གསུམ་ག་གིས་ཡང་མཁན་པོའི་མཛད་བྱ་བཟང་པོ་ལུ་བསྟོད་བསྔགས་དང་བསམ་པའི་ཡིད་ལས་འདས་པའི་བཀྲིན་གྱི་བསྔགས་བརྗོད་ཕུལ་ནུག །
དེའི་རྗེས་སུ་དབུ་འཛིན་བརྒྱད་པ་ཡང་རྣམ་གྲོལ་གླིང་བཤད་གྲྭ་ལས་བསླབ་པ་མཐར་སོན་པའི་མཁན་པོ་སེང་གེ་རྡོ་རྗེ་མཆོག་གིས་སྤྱི་ལོ་ ༢༠༡༡ ལས་འགོ་བཟུང་ལོ་ངོ་བདུན་གྱི་རིང་ལྷག་བསམ་རྣམ་པར་དག་པའི་སྒོ་ལས་དབུ་འཛིན་གྱི་ཕྱག་འགན་བཞེས་གནང་ཡོདཔ་དང་མཁན་རིན་པོ་ཆེ་མཆོག་གི་དབུ་འཛིན་གྱི་གོ་གནས་མ་བཞེས་པའི་སྔར་མཐོ་སློབ་འདི་ནང་སློབ་དཔོན་གྱི་གོ་གནས་ཁར་ལོ་ངོ་ལྔའི་རིང་བཞུགས་གནང་ནུག།
དེ་ལས་སྤྱི་ལོ་ ༢༠༡༨ ལས་ ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ད་ཚུན་རྣམ་གྲོལ་གླིང་ལས་མཁན་སློབ་ཀྱི་རྒྱབ་སྐྱོར་ཞུས་ཏེ་ཡོད་རུང་ མཐོ་སློབ་ཆེན་མོ་འདི་གཞི་བཙུགས་མཛད་དེ་ལོ་ངོ་བཅུ་ཕྲག་གསུམ་ཙམ་ལྷག་སོངམ་ལས་ ངེས་པར་དུ་མཐོ་སློབ་འདི་ནས་མཐར་སོན་པའི་མཁན་པོ་ཅིག་ ལས་ཐོག་མཁན་པོའི་བདག་རྐྱེན་གནང་དགོ་པའི་བཀའ་ཕེབས་པ་བཞིན་ སྒང་སྟེང་མཐོ་སློབ་ཆེན་མོའི་མཁན་ཐོག་གཉིས་པའི་གྲལ་ལས་མཁན་སྤྲུལ་པདྨ་རྡོ་རྗེ་མཆོག་ སྤྱིར་ལས་ཐོག་མཁན་རིམ་དགུ་པ་དང་། ལྷག་པར་མཐོ་སློབ་འདིའི་བགྲང་བྱ་དགུ་ཡི་གྲལ་རིམ་མཐར་སོན་པའི་ནང་ལས་མཐོ་སློབ་ཆེན་མོའི་དབུ་འཛིན་དང་པའི་བདག་རྐྱེན་བཞེས་ཡོདཔ་ཨིན། དུས་ཅི་སྤྱི་ལོ་ ༢༠༡༩ ལུ་ཡང་མཁན་སྤྲུལ་མཆོག་གིས་གཙོས་པའི་མཁན་སློབ་ ༡༢ ཀྱིས་ལྷག་བསམ་དག་པའི་སྒོ་ལས་ དགེ་འདུན་པ་ ༢༤༠ ལུ་ ཕྱི་ནང་གི་ཤེས་ཡོན་དང་འཛིན་སྐྱོང་ཚུ་གནང་བཞིན་ཡོདཔ་ཨིན།