༈ དགོན་པའི་རྒྱབ་ཁུངས་ལོ་རྒྱུས།
མཚན་གཞན། “ མོ་རང་མཁར་ལྕང་ལོ་ཅན་ལྷ་ཁང་” ཟེར་ཞུཝ་ཨིན་མས། ལྷ་ཁང་འདི་འབྲུག་དབང་འདུས་རྫོང་ཁག །ཨ་ཐང་རྒེད་འོག་གི་ནང་ལུ་ཨིནམ་ད། དབང་འདུས་ཀ་མི་ཆུ་ལས་ཡར་རྐང་སྟོང་སྦེ་རི་རྩེ་བརྒྱུད་དེ་ ཆུ་ཚོད་ ༧ དེ་ཅིག་འགྱོ་དགོ་དོ་ཡོད་རུང་། སྣུམ་འཁོར་ནང་ལུ་འབད་བ་ཅིན་དུས་ཡུན་ཚུ་ཚོད་ ༢ ལྷགཔ་ཅིག་འགྱོ་བའི་རི་སྒང་ཅིག་གི་གུ་ལུ་ཆགས་ཏེ་ཡོད། དགོན་པའི་མིང་ལུ་ “ཨ་ཐང་མོ་རང་མཁར་” ཟེར་ཆགས་པའི་རྒྱུ་མཚན་ཡང་། པད་གླིང་སྐུ་ཕྲེང་གཉིས་པ་རྒྱལ་བ་བསྟན་འཛིན་གྲགས་པ་(1536-1597) མཆོག་ ལོ་འཕོ་མཁར་པདྨའི་ཐང་ལས་ཡར་བཀྲ་ཤིས་ལ་ལུ་གཟིགསཔ་ད་ རི་དེའི་ས་ཁྲའི་དབྱིབས་ ཡི་གུ་ཨ་གི་རྣམ་པ་སྦེ་གཟིགསཔ་ལས་ “ཨ་ཐང་” ཟེར་བཏགས་གནང་ནུག ། ཨ་ཐང་ལོ་ཕོ་མཁར་པདྨའི་ཐང་ནང་ལུ་ཧེ་མ་རྒྱལ་བ་བསྟན་འཛིན་གྲགས་པའི་བཞུགས་ཁྲི་ལུ་སྒང་སྟེང་བླ་མའི་རྩིག་ཁྲི་ཟེར་སླབ་དོ་ཡོདཔ་ད། སྒང་སྟེང་གསང་སྔགས་ཆོས་གླིང་གི་རྡོར་སློབ་ཚུ་གནམ་དགུན་གྱི་དུས་ལུ་ རྒྱལ་བ་བསྟན་འཛིན་གྲགས་པའི་སྐུ་རྟེན་བཞུགས་ཁྲི་དེ་ཁར་ཞུས་ཞིནམ་ལས། དབང་དང་ཚེས་བཅུའི་དགའ་སྟོན་རྒྱས་ཤིང་རྒྱསཔ་སྦེ་བཙུགས་སྲོལ་ཡོད་རུང་ ད་རེས་ནངས་པར་ སློབ་གྲྭ་གཞི་བཙུགས་འབད་བའི་ཤུལ་བཞུགས་ཁྲི་གི་རྣམ་པ་ཙམ་ལས་མཇལ་མི་ཚུགས་པས།
དེ་བཟུམ་སྦེ་ “མོ་རང་མཁར་” ཟེར་མི་འདི། ཧེ་མ་གུ་རུ་རིན་པོ་ཆེ་སྒོར་དགོན་ གཟར་ས་གནས་༼རྫ་གསེབ་གནས་༽
ནང་ལུ་བཞུགས་པའི་སྐབས་མཁའ་འགྲོ་མནྡ་ར་བ་ད་ལྟོ་ལྷ་ཁང་ཆགས་སའི་ས་གནས་དེ་ནང་ལུ་འཐག་འཐགས་ཏེ་བཞུགས་པའི་སྐབས། སྒོམ་ཆེན་ཅིག་གུ་རུ་རིན་པོ་ཆེ་མཇལ་བ་བཅར་ཏེ། གུ་རུ་རིན་པོ་ཆེ་ལུ། མཁའ་འགྲོ་མནྡ་ར་བ་ག་ཏེ་བཞུགས་ཡོད་ཟེར་ཞུཝ་ད། གུ་རུ་རིན་པོ་ཆེ་གིས། “མོ་རང་མཁར་ལུ་ཡོད་” ཟེར་གསུངསམ་ལས་ མོ་རང་མཁར་ཟེར་ཡོངས་སུ་གྲགས་ནུག་ཟེར་བཤདཔ་ཨིན་མས། མཁར་ཟེར་མི་འདི་གཡུས་ཚན་དང་ཁང་ཁྱིམ་ཚུ་ལུ་ཡང་གོ་དོ་ཡོདཔ་ཨིན་མས། ད་ལྟོ་ལྷ་ཁང་དེ་གི་གདོང་ཁར་ལུ་ རྒྱ་ཟ་མོ་མནྡ་ར་བའི་འཐག་རས་ཨིན་ཟེར་རྡོ་གི་ཐོག་ལུ་འཐག་གི་ཤུལ་ཅིག་ཡང་མཇལ་ཚུགས་པས། རྫ་གསེབ་གནས་འདི་སྒོར་དགོན་ནང་ལས་དུས་ཡུན་ཆུ་ཚོད་ཕྱེད་དང་གཉིས་དེ་ཅིག་རྐང་ཐང་སྦེ་འགྱོ་དགོ་པས། དེ་ཁར་བྱག་སྦོམ་ཅིག་ཡོད་པའི་ལོགས་ལུ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་དང་ཆོས་ཀྱི་པོ་ཏིའི་གཟུགས་བརྙན་མཇལ་ཚུགས་པས། གནས་འདི་ནང་ལྷ་ཁང་གཅིག་ཡོད་མི་དེ་གི་སྦོ་ལོགས་ཁར་གྲུབ་ཆུ་ཅིག་ཡོད་མི་འདི་གུ་རུ་རིན་པོ་ཆེ་གི་གྲུབ་ཆུ་ཨིན་མས།
དེ་འབདཝ་ལས་ཨ་ཐང་མོ་མཁར་མཁར་འདི་སྔོན་ཧེ་མ་དུས་རབས་བརྒྱད་པ་ནང་ལས་ ཨྱོན་གུ་རུ་རིན་པོ་ཆེ་གིས་བྱིན་གྱིས་བརླབས་པའི་ས་གནས་ཅིག་ཨིནམ་ད། ཤུལ་ལས་རིག་འཛིན་པདྨ་གླིང་པ་ཡབ་སྲས་༼ རྒྱལ་བ་བསྟན་འཛིན་གྲགས་པ་ (1536-1597) དང་། བསྟན་འཛིན་ལེགས་དོན་(1645-1727) ༽ རྣམ་གཉིས་ཀྱི་གདན་ས་ཅིག་ཡང་ཨིན་མས། པད་གླིང་སྐུ་ཕྲེང་གཉིས་པ་བསྟན་འཛིན་གྲགས་པ་མཆོག་གིས་གདན་ས་བཅགས་པའི་སྐབས་ཕྱག་རྡོར་གྱི་སྐུ་ཁྱུད་གངམ་ཅིག [1]གནམ་མཁའ་ལས་འཕུར་ཏེ་ལྷ་ཁང་དེ་གི་གདོང་ཁར་ཡོད་པའི་ཚལ་ལུ་ཤིང་འདི་གི་གུ་ཆགས་ཡོདཔ་གཟིགས་ཏེ། ནང་རྟེན་སྦེ་གདན་དྲངས་ཡོད་ནི་དེ་གིས་ “མོ་ར་མཁར་ལྕང་ལོ་ཅན་དགོན་པ་” ཟེར་ནང་རྟེན་ལུ་བརྟེན་ཏེ་མཚན་ཆགས་ནུག ། ཤུལ་ལས་སྒང་སྟེང་རིན་པོ་ཆེ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱིས་གཡུས་འདི་ནང་གི་འགྲོ་བ་མི་དང་ལྷ་སྲིན་བདུད་དང་བཅས་པ་དབང་ལུང་ཁྲིད་གསུམ་གྱི་ཐོག་ལས་གདུལ་བྱ་སྦེ་རྗེས་སུ་བཟུང་ཞིནམ་ལས་འགོ་བཟུང་སྟེ། དགོན་པ་དེ་སྒང་སྟེང་སྐུ་ཕྲེང་རིམ་བྱོན་གྱི་ཆོས་གཞིས་ལུ་གྱུར་ནུག ། ད་ལྟོ་སྒང་སྟེང་པད་འཕྲིན་དགུ་པ་མཆོག་གིས་བདག་འཛིན་མཛད་དེ་སྒང་སྟེང་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ་ལུ་ཁོད་ཡོད་པའི་གདན་ས་རྙིང་ཤོས་ཅིག་ཨིནམ་ད། དགོན་པའི་ཆོས་གཞིས་ལུ་ས་རྒྱ་ཨེ་ཀར་བཞི་ལྷག་ཙམ་འདུག །
དགོན་པའི་མཐའ་འཁོར་གྱི་ལོ་རྒྱུས།
ལྷ་ཁང་འདིའི་ཕྱོགས་བཞིའི་ཆགས་ཚུལ་ཡང་། ལྷ་ཁང་འདི་ལས་ཤར་ཁ་ཐུག་ལོ་མཚོ་མཁར་གཡུས་ཚན་དང་། གཡུས་ཚན་འདིའི་རི་རྩེ་ལུ་རི་རྒྱལ་ལྷུན་པོ་བཟུམ་སྦེ་གཟི་བརྗིད་མཐོ་བའི་སྒང་རི་གནས་བདག་བསམ་གྲུབ་རྡོ་རྗེའི་གནས་ཁང་། ལྷོ་ཕྱོགས་ལུ་གང་འདོད་དངོས་གྲུབ་བྱུང་བའི་མཛོད་ཆེན་མ་འདྲོས་མཚོ་དང་འདྲ་བའི་ཨ་ཐང་མཚོ་སྨན་རྒྱལ་མོའི་ཡུམ་མཚོ། ནུབ་ཕྱོགས་ཕྱག་ལའི་གནས་ཀྱི་ངོས་ལས་ཡེ་ཤེས་ཀྱི་མཁའ་འགྲོ་མནྡཱ་ར་བའི་སྒྲུབ་ཆུ་འདི་ལྷ་ཁང་འདིའི་ལྟག་ལས་གཡས་ཁ་ཐུག་ལུ་དུས་ཡུན་སྐར་མ་ ༡༥ དེ་ཅིག་འགྱོ་དགོ་དོ་ཡོད་རུང་ད་རེས་ལྷ་ཁང་གི་འཐུང་ཆུ་སྦེ་དྲངས་ཏེ་འདུག །བྱང་ཕྱོགས་ཁ་ཐུག་ལུ་སྔོན་ཨྱོན་རིན་པོ་ཆེ་དང་པད་གླིང་ཡབ་སྲས། ཞབས་དྲུག་ཐུགས་སྤྲུལ་ལ་སོགས་པ་གིས་གནས་བཅགས་པའི་གནས་བཟང་སྒོར་དགོན་ན་ཚུ་ཆགས་ཡོདཔ་ཨིན། དགོན་པ་དེ་ནང་ལུ་ ཧེ་མ་བསྟན་འཛིན་ལེགས་དོན་གྱི་སྐབས་ སྒྲུབ་པ་སྒྲུབ་ཆེན་ཐེངས་ལེ་ཤ་ཅིག་རང་བཙུགས་ཡོད་པའི་སྐོར་ལས་ལེགས་དོན་གྱི་རྣམ་ཐར་ནང་ལས་འཐོན་ནི་ཡོདཔ་བཟུམ་སྦེ་ད་ལྟོའི་སྐྱབས་མགོན་མཆོག་གིས་ཡང་དུས་དང་དུས་སུ་ཚོགས་འབུམ་དང་སྒྲུབ་པ་སྒྲུབ་ཆེན་ཚུ་འཚོགས་གནང་དོ་ཡོདཔ་ཨིན།
༈ ལྷ་ཁང་འོག་གི་རིགས་གསུམ་མགོན་པོའི་མཆོད་རྟེན་གྱི་སྐོར།
མཆོད་རྟེན་འདི་ལྷ་ཁང་དེའི་འོག་ལུ་ཡོདཔ་ད། བཞེངས་མི་འདི་ཨིན་ཟེར་ཁ་གསལ་མེད་རུང་བཞེངས་དགོས་པའི་དམིགས་ཡུལ་འདི། ཤར་གྱི་མཆོད་རྟེན་ནུབ་ཀྱི་གྲོང་ཁྱེར་ཐལ་བར་བརླག །ཟེར་དོ་བཟུམ་སྦེ་ ལྷ་ཁང་ཆགས་སའི་ས་གོ་འདི་གི་གདོང་སྐོར་སྦེ་ལོ་མཚོ་མཁར་གྱི་གཡུས་ཚན་ཡོདཔ་ལས་ལྷ་ཁང་འདི་གི་བྱིན་རླབས་ཞུ་མི་ཚུགས་ཟེར་བའི་དོགས་པ་ལུ་བརྟེན་ཏེ་ དེ་གི་གདོང་ལེན་སྦེ་བཞེངས་ཡོདཔ་ཨིན་མས། མཆོད་རྟེན་འདི་ནང་གི་ནང་རྟེན་ཚུ་ཚར་ཅིག་ཨརཝ་བརྐུ་མི་གིས་གདན་འདྲེན་ཞུ་ནི་འབད་ཡོད་རུང་སྲུང་མའི་ཆོ་འཕྲུལ་གྱིས་ཞུ་མ་ཚུགས་པར་ད་ལྟོ་ཡང་བྱིན་རླབས་ཀྱི་མཚན་ཁ་མ་ཉམས་པར་བཞུགས་ཡོདཔ་ཨིན།
༈ དེ་བཟུམ་སྦེ་ལྷ་ཁང་འོག་ཞིང་གི་སྦུག་ལུ་ “པ་ནེ་དང་རྡོ་་” ཅིག་ཡོད་མི་འདི་ཡང་། རྡོ་འདི་གི་རྩ་བ་ལས་སྐྱེས་ཡོད་པའི་ཤིང་སྡོང་གཅིག་ལུ་པ་ནེ་གི་རུས་ཤིང་གཉིས་ཡོད་མི་འདི། གཅིག་མཁའ་འགྲོ་མནྡ་ར་བ་གིས་བཙུགས་གནང་མི་དང་། གཅིག་འདི་རྒྱལ་བ་བསྟན་འཛིན་གྲགས་པ་གིས་བཙུགས་བཙུགསཔ་ཨིན་ཟེར་བཤད་རུང་འདི་དང་འདི་ཟེར་ངོས་འཛིན་འབད་མི་ཚུགས་པས། ལོ་དག་པ་ཅིག་གི་ཧེ་མ་པ་ནེ་རུས་ཤིང་གཉིས་ཆ་རང་བསྐམས་ཏེ་ལོ་བཞི་དེ་ཅིག་སོང་བའི་ཤུལ་ལུ་ ༸སྒང་སྟེང་རིན་པོ་ཆེ་མཆོག་གིས་ཁྲུས་གསོལ་དང་ཕྱག་འབྲུ་གནང་ཞིནམ་ལས་སྔར་གང་ཨིནམ་སྦེ་སྔོ་ལོག་སྟེ་ལོ་འདབ་རྒྱས་ནུག ། ལོ་སྟར་རང་ཟླ་ ༩ པའི་ནང་སྒང་སྟེང་དགོན་པ་ལུ་སྤྲོས་བཅས་ཚེས་བཅུ་ཆེན་མོ་འགོ་འཛུགས་ཀྱི་རྟེན་འབྲེལ་བརྩི་སྲུང་གནང་བའི་སྐབས་པ་ནེ་འདི་ཨ་ཐང་གི་སྦྱིན་བདག་ཚུ་གིས་ལྷ་ཁང་དེའི་ལྡུམ་རའི་ནང་ལས་བཏོགས་ཏེ་ཕུལ་སྲོལ་ཡོད་པའི་ཁྱུན་ད་ལྟོའི་བར་ན་ཡང་ཡོདཔ་ཨིན། འདབ་མ་རྒྱ་ཆེ་བའི་ཁར་བྱིན་རླབས་ཆེ་བ། རོ་བརྒྱ་ལྡན་པའི་ཟས་ལས་ལྷག་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་བཞུགས་གྲལ་གྱི་ཐོག་མར་རྡོ་མ་དང་པ་ནེ་དྲང་ནིའི་སྲོལ་ཡོདཔ་ལས། པ་ནེ་དེ་ལོངས་སྤྱོད་མི་ཚུ་ངན་སོང་ལུ་འགྱོ་མི་དགོ་པའི་བྱིན་རླབས་ཡོད་ཟེར་ཡིད་ཆེས་སྐྱེད་དོ་ཡོདཔ་ཨིན། པ་ནེ་ཤིང་གི་སྦོ་ལོག་ཁར་ལམ་གྱི་གཡས་ཁ་ཐུག་ལུ་རྡོ་ལེབ་ཁྲ་ཅནམ་ཅིག་ཡོད་མི་འདི་ཧེ་མ་མཁའ་འགྲོ་མནྡཱ་ར་བ་དེ་ནང་བཞུགས་པའི་སྒང་ཐགས་འཐག་གནང་བའི་ཐགས་ཤུལ་འདི་རྡོ་ལུ་བྱིན་གྱིས་བརླབས་གནང་གནངམ་ཨིན་ཟེར་བཤད་ནི་འདུག
པ་ནེ་ཤིང་དང་སྦྲགས་ཏེ་རྩ་བ་ལུ་རྡོ་ཅིག་ཡོད་མི་འདི། ཁ་རྒྱུན་ལུ་འབད་བ་ཅིན་རྒྱལ་བ་བསྟན་འཛིན་གྲགས་པ་གིས་གནམ་ལྕགས་ཕབ་ཞིནམ་ལས་ཉི་འཚེ་བའི་དམྱལ་བ་བཏོན་བཏོནམ་ཨིན་ཟེར་བཤད་མི་ལུ་རྒྱུ་མཚན་གཞན་ཅིག་ཡོདཔ་སྲིད་རུང་། བསྟན་འཛིན་ལེགས་དོན་གྱི་རྣམ་ནང་ལས་འབད་བ་ཅིན་འདི་བཟུམ་སྦེ་འཐོན་ནི་འདུག ། “ དེ་ནས་ཨ་ཐང་རུ་ཁའི་དབང་དང་རིལ་སྒྲུབ་རྣམས་སྔར་བཞིན་མཛད་དེ་མོ་རང་ཁར་ཞག་ཤས་བཞུགས་སྐབས། ཉིན་གཅིག་ལྡུམ་ར་དང་ཞིང་པར་རྣམས་སུ་གཟིགས་མོ་ལ་ཕེབས་པས། ཞིང་གི་ནང་དུ་རྡོ་ཕག་པ་ཙམ་ཞིག་ལ་གཟིགས་ནས། ཞབས་ཕྱི་རྣམས་ལ་ཁྱེད་ཚོས་རྡོ་དེ་ལྕགས་ཐོས་བརྡུང་དང་གསུངས་པས། ཁོང་རྣམས་ཀྱིས་བརྡུངས་པས་རྡོ་གས་པའི་ནང་ལས་སྦྲུལ་ཆུང་དམར་ཅེ་བ་སྦོམ་ཕྲ་མཐེ་བོང་ཙམ་པ་དཀྱུས་སུ་མཐོ་གསུམ་ལངས་པ་ཤི་ལ་ཁད་པ་ཞིག་མཐོན་བྱུང་བས། ཐུགས་དམ་ཏིང་ངེ་འཛིན་གྱིས་གནས་སྤར་མཛད་ཅིང་བསྔོ་སྨོན་གྱིས་རྒྱས་འདེབས་པར་བྱས་སོ།།”[2] ཟེར་འཐོན་དོ་ཡོདཔ་ལས་རྗེ་རིན་པོ་ཆེ་བསྟན་འཛིན་ལེགས་དོན་གྱིས་ཉི་འཚེ་བའི་དམྱལ་བ་གནས་སྤར་བའི་མཛད་འཕྲིན་གྱི་རྗེས་ཤུལ་ཅིག་ཨིན་མས།
༈ ལྷ་ཁང་ཉམས་ཆག་བྱུང་བའི་གཏམ།
ལྷ་ཁང་དེ་ཧེ་མ་ལས་ཐོག་གསུམ་སྦེ་ཡོད་མི་ནང་། འོག་ཐོག་ནོར་སེམས་ཅན་བཏགས་ས་དང་། བར་ཐོག་མི་སྡོད་ས། སྟེང་ཐོག་ལྷ་ཁང་ཨིན་མས། ལྷ་ཁང་དེ་ད་ཚུན་མེ་རྐྱེན་ལན་གཅིག་དང་། ས་ཡོམ་གྱི་རྐྱེན་ལས་གས་ཆག་བྱུང་ཡོདཔ་སྦེ་སླབ་དོ་ཡོད་རུང་སྤྱི་ལོ་དང་དུས་རབས་ནམ་བྱུང་ཡི་ག་གསལ་ཏོག་ཏོ་མིན་འདུག །ས་ཡོམ་བྱུང་བའི་སྐབས་ནང་རྟེན་ཕྱག་རྡོར་སྐུ་དེ་ད་ལྟོ་ལྷ་ཁང་དེའི་ལྟག་པར་རྡོ་སྦོམ་ཅིག་ཡོད་མི་དེའི་གུ་ལུ་བཞུགས་ཡོད་མི་བཤད་ཚུལ་ལུ་དཔྱད་ལྟ་བ་ཅིན། ས་ཡོམ་སྦོམ་བྱུང་སྟེ་ལྷ་ཁང་འདི་རྩ་བ་རྨང་ལས་རམ་སོང་ཡོདཔ་འོང་ནི་མས། མེ་རྐྱེན་བྱུང་སྐབས་ལུ་ཡང་ནང་རྟེན་དེ་འཕུར་ཏེ་ལྷ་ཁང་གདོང་ཁའི་ཚལ་ལུ་ཤིང་ཐོག་ལུ་བཞུགས་ཡོདཔ་སྦེ་བཤད་ནི་འདུག ། ལྷ་ཁང་དེ་བསྟན་འཛིན་ལེགས་དོན་གྱི་ཤུལ་ལུ་སྒང་སྟེང་བླ་མའི་གཉེརཔ་ཟེར་མི་གིས་མཆོད་གཞིས་ཚུ་བདག་གཉེར་འབད་དེ་རིམ་པ་བཞིན་དུ་རྩིས་སྤྲོད་ལེན་འབད་དེ་འོང་མི་ལས་མི་ལོ་བཞི་བརྒྱ་དེ་ཅིག་སོང་བའི་ཤུལ། ད་ལྟོ་འཚོ་གཞེས་བཞུགས་པའི་སྒང་སྤྲུལ་སྐུ་ཕྲེང་དགུ་པ་མཆོག་ལུ་ལོག་རྩིས་འབུལ་ཞུས་ནུག།
རིན་པོ་ཆེའི་ཞབས་ལས་རྩིས་བཞེས་ཞིནམ་ལས་ཐུགས་བརྩེ་ལྷག་པར་གཟིགས་ཏེ། ལྷ་ཁང་ཉམས་གསོ་ཞུ་དགོས་པའི་ཐུགས་དགོངས་ལྟར་དུ་སྤྱི་ལོ་ ༢༠༠༧ དེ་ཅིག་ལས་ སྒང་སྟེང་ལས་བླམ་པདྨ་ཚེ་དབང་དང་། བླམ་རིན་ཆེན་བསམ་གྲུབ་གཉིས་བསྐོ་བཞག་གནང་། བླམ་རྣམ་གཉིས་བཞུགས་པའི་སྐབས་ལས་ནགས་ཚལ་སྟུག་དྲག་ནང་ལས་ཤིང་ཆས་ལ་སོགས་པ་འདྲེན་ཏེ་ཉམས་གསོའི་ལཱ་འགོ་བཙུགས་གནང་། དེ་གི་ཤུལ་ལས་ཨ་ཐང་རྒེད་འོག་རྒེད་པོ་དང་། བླ་མ་ཚེ་རིང་རྡོ་རྗེ་གིས་གཙོས་མི་སེར་ཡོངས་ལས་རྒྱབ་སྐྱོར་ཞབས་ཏོག་འུར་ལཱ་གང་དྲག་ཐོག་ཉམས་གསོ་གི་ལས་འགུལ་འགོ་བཙུགས་ཏེ་སྤྱི་ལོ་ ༢༠༡༢ ལུ་ལྷ་ཁང་གི་ཉམས་གསོ་ཕྱི་གྲུབ་ཚར་ནུག །
དེ་ལས་སྒང་སྟེང་དགོན་པའི་དགེ་སློང་ཚུལ་ཁྲིམས་རྡོ་རྗེ་གིས་འགོ་འདྲེན་ཐོག་ཐིམ་ཕུག་གི་སྦྱིན་བདག་ཚུ་གིས་སྦྱིན་བདག་འབད་དེ་གསེར་ཏོག་ནང་གཟུངས་དང་བཅས་པ་ཐིམ་ཕུག་ལས་མོ་ར་མཁར་གདན་འདྲེན་ཞུས། ལྷ་ཁང་ཉམས་གསོ་དང་འབྲེལ་སྨན་སྐུ་གསརཔ་ལྔ་དེ་ཅིག་བཞེངས་མི་ཚུ་ཡང་དེ་ཚེ་ཉིན་མ་མཉམ་ཅིག་གདན་འདྲེན་ཞུས་ཞིནམ་ལས། སྤྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༥ གཟའ་སྐར་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉིནམ་ལུ། པད་གླིང་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ཚོགས་འཁོར་དང་འབྲེལ་གསེར་ཏོག་གི་རབ་གནས་ཡང་ ཡང་མ་རིན་པོ་ཆེའི་ཡང་སྲིད་ལྟ་ཕུག་སྤྲུལ་སྐུ་སངས་རྒྱས་འཆི་མེད་རིན་ཆེན་མཆོག་གིས་མཛད་གནང་ནུག །
དེའི་ཤུལ་ལས་སྤྱི་ལོ་ ༢༠༡༨ ལུ་སྐུ་རྟེན་ལྡེབས་རིས་དང་བཅས་པའི་ནང་རྟེན་ལེགས་ཤོམ་སྦེ་བསྒྲུབས་ཞིནམ་ལས་ཨ་ཐང་ཕྱག་རྡོར་ལྷ་ཁང་ཚོགས་པ་གིས་འགོ་སྒྲིག་འོག་ལུ་ཧོར་ཟླ་ ༡༢ པའམ་དཔྱིད་ར་འབྲིང་པོའི་ཡར་ཚེས་ ༡ ནས་ ༨ བར་ ༧སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་དབུ་བཞུགས་ཐོག་སྒང་སྟེང་བཤད་གྲྭའི་དགེ་སློང་བཅུ་ཕྲག་བཅུ་ལྷག་ཙམ་གྱིས་ཕྱག་རྡོར་གྱི་སྒྲུབ་ཆེན་དང་འབྲེལ་བཀྲ་ཤིས་རབ་གནས་ཀྱི་ཆོ་ག་ཡང་རྒྱས་ཤིང་རྒྱསཔ་སྦེ་གནང་ནུག །
༈ ལྷ་ཁང་གི་ནང་རྟེན་གྱི་སྐོར། ལྷ་ཁང་འདིའི་ནང་རྟེན་གཙོ་བོ་རང་བྱོན་ཕྱག་རྡོར་གྱི་སྐུ་དེ་དང་། གུ་རུའི་སྨན་སྐུ། རྡོར་སེམས་ཀྱི་སྐུ་དང་རྣམ་སྲས། པད་གླིང་གི་སྐུ་འདྲ་བཅས་བཞུགས་ཡོདཔ་ད། གསུང་རྟེན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཞུགས་ཡོད། ལྷ་ཁང་ཉམས་གསོ་དང་འབྲེལ་གསརཔ་བཞེངས་པའི་སྨན་སྐུ་ཚུ་ཡང་།
ཨང་ | སྐུའི་རྣམ་གྲངས། | ཞེང་ཚད་ཕིཊ | སྦྱིན་བདག |
༡ | ཕྱག་ན་རྡོ་རྗེ། | ཕྱེད་དང་ལྔ། | ཨམ་ཕྱག་རྡོར་དཔལ་མོ་དང་རྒྱུད་འཕྲིན་འགོ་དཔོན་ཀུན་ལེགས། |
༢ | གུ་རུ་རིན་པོ་ཆེ། | ་་་ | ཨཔ་དབང་ཕྱུག་ནང་མི་བཟའ་ཚང་། |
༣ | རྗེ་བཙུན་སྒྲོལ་མ། | ་་་ | བླམ་ཚེ་རིང་རྡོ་རྗེ་དང་འགྲིམ་དཔོན་བགྲེསཔ་ཀུན་ལེགས་ནང་མི། |
༤ | སྤྱན་རས་གཟིགས། | ་་་ | དྲང་དཔོན་བགྲེས་པ་ཕྱག་རྡོར་ནང་མི་བཟའ་ཚང་། |
༥ | རིག་འཛིན་པདྨ་གླིང་པ། | ་་་ | རྒཔོ་བགྲེས་པ་དཔལ་འབྱོར། |
དེ་བཟུམ་སྦེ་ལྷ་ཁང་ཉམས་གསོ་ཞུ་ཚར་ཞིནམ་ལས་གསརཔ་བཞེངས་པའི་ལྡེབས་རིས་ཡང་། ཧེ་མའི་ལོ་རྒྱུས་དང་མ་འོངས་པའི་འགྲོ་དོན་རྟེན་འབྲེལ་ཁྱད་པར་ཅན་ལུ་དགོངས་ཏེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཆ་ཚང་དང་། སྙིགས་དུས་འགྲོ་བའི་མགོན་པོ་ཨྱོན་གུ་རིན་པོ་ཆེ་འཁོར་སྤྲུལ་པའི་གུ་རུ་མཚན་བརྒྱད། ཚེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ། བདེ་ཆེན་ཞིང་སྒྲུབ་ཀྱི་ཞིང་བཀོད། བྱང་ཆུབ་ལྟུང་བཤགས། ཚེའི་ལྷ་ཚོགས། སྔ་འགྱུར་སྙིང་ཐིག་བསྟན་པའི་བདག་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར། ལྷོ་གཏེར་བསྟན་པའི་ཤིང་རྟ་གཏེར་སྟོན་རྒྱལ་པོ་བཞི་པ་རིག་འཛིན་པདྨ་གླིང་པ། ལྷོ་འབྲུག་བསྟན་པའི་བདག་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ། ༧སྐྱབས་མགོན་པདྨ་འཕྲིན་ལས་ཀྱི་སྐུའི་ཕྲེང་རབས་དགུ་པ་རྗེ་རིན་པོ་ཆེ་མཆོག་དང་། ཨ་ཐང་མཚོ་སྨན་མ། གཞིས་བདག་རྣམས་ཀྱི་ལྡེབས་རིས་ཚུ་ག་ར་ ༧སྐྱབས་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་སྦྱིན་བདག་མཛད་ཐོག་བཞེངས་ཡོད་མི་ཚུ་ ཕྱག་རྡོར་གྱི་སྒྲུབ་ཆེན་དང་འབྲེལ་རབ་གནས་རྒྱས་ཤིང་རྒྱསཔ་སྦེ་མཛད་ཡོདཔ་ཨིན། ལྷ་ཁང་དེའི་ནང་རྟེན་གཙོ་བོ་ཕྱག་རྡོར་ཨིནམ་ལས་ཡུལ་ཕྱོགས་དེ་ནང་ལུ་ད་ལྟོ་ཚུན་ཚོད་ཀྱི་བར་ན་སྦྲུལ་དང་ཀླུ་ས་བདག་གིས་མི་དང་རྟ་ནོར་ལུག་སོགས་ལུ་གནོད་པའི་ལོ་རྒྱུས་མེད་པའི་ཁར། ལོ་ཐོག་ཕུན་སུམ་ཚོགས་པ་དང་མི་རྣམས་བདེ་ཞིང་སྐྱིད་པ་བྱུང་མི་འདི། ནང་རྟེན་དེའི་བྱིན་རླབས་དང་ནུས་མཐུ་ཨིན་ཟེར་དད་པ་དང་ཡིད་ཆེས་སྐྱེད་དོ་ཡོདཔ་ད། གཡུས་འདི་ནང་གི་མི་སེར་ཚུ་གི་འདི་ཕྱི་བར་དོ་གསུམ་གྱི་སྐྱབས་ཞུ་ས་ཨིནམ་ལས་མི་མང་ཆེ་བའི་མིང་ཡང་ཕྱག་རྡོར་ལས་བསྒྲེས་ཏེ་བཏགས་དོ་ཡོདཔ་ཨིན་མས། ད་ལྟོ་༸སྐྱབས་རྗེ་རིན་པོ་ཆེ་གིས་བཤད་གྲྭ་ལས་མཁན་པོ་གཅིག་དང་སློབ་དཔོན་གཅིག་བསྐོས་ཏེ་ལྷ་ཁང་བདག་གཉེར་དང་འབྲེལ་ཡུལ་ཕྱོགས་དེ་ནང་ལུ་འགྲོ་བའི་དོན་མཛད་བཞིན་བཞུགས་ཡོདཔ་ཨིན།
༈ དགོན་པའི་སྐུ་མཆོད་འབུམ་སྡེ་སྐོར།
ཧེ་མ་འབད་བ་ཅིན་དགུན་ཉི་ལྡོག་སྐབས་བོན་ཕྱོགས་ལས། ལྷ་བོད་ཟེར་ཕ་ཇོ་གཅིག་གིས་ལྷ་ཁང་དེའི་རི་མགོ་ལུ་སོང་ཞིནམ་ལས་ལྷ་བོད་བརྩི་སྲུང་འབད་སྲོལ་ཡོདཔ་ད། ནང་པ་གི་ཁ་ཐུག་ལས་བླམ་ཆོསཔ་ཚུ་གིས་ཆོས་འབུམ་དག་ཚར་ལྷག་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ཧོར་ཟླ་ ༡༢ པའི་ནང་མོ་ར་མཁར་གྱི་བསྐང་གསོ་ཟེར་སྒང་སྟེང་གི་པད་གླིང་ཆོས་སྲུང་ཡོངས་རྫོགས་གཏོང་སྲོལ་ཡོདཔ་ཨིན། ཨིན་རུང་ད་རེས་ནངས་པར་སྒང་སྟེང་ལས་མཁན་པོ་དང་སློབ་དཔོན་བསྐོ་བཞག་གནང་ཞིནམ་ལས། ཡར་ངོ་མར་ངོའི་ཚེས་བཅུ་ཚུ་རྒྱུན་མ་ཆད་པར་གནང་དོ་ཡོདཔ་མ་ཚད། གཤིན་གསོན་གཉིས་ཀྱི་དགེ་རྩ་དང་རིམ་གྲོ་ཚུ་ཡང་མ་བཏུབ་བཏུབ་སྦེ་མཛད་དོ་ཡོདཔ་ལས་མི་སེར་གྱི་དོན་ལུ་ལྷ་ཁང་འདི་ག་ཅི་དེ་ཕན་ཐོགས་ཆེ་དྲག་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། ད་རེས་ལྷ་ཁང་འདི་ནང་ལུ་སྒང་སྟེང་མཁན་པོ་ཆོས་དབྱིངས་ནོར་བུ་དང་སློབ་དཔོན་བསོད་ནམས་འབྲུག་རྒྱལ་གཉིས་དང་། སློབ་ཕྲུག་དག་པ་ཅིག་བཙུགས་ཏེ་ཡོདཔ་ཨིན།
༈ ཨ་ཐང་ སྟག་ལུང་ངམ་སྟག་རས་ན་ ཟེར་མི་འདི། ཨ་ཐང་ལས་ ཕོབ་སྦྱིས་མཁར་ཁ་ཐུག་འགྱོཝ་ད་དུས་ཡུན་ཆུ་ཚོད་ ༦ དེ་ཅིག་འགྱོ་བའི་ས་ཁར་ཨིན་མས། ས་གནས་འདི་བླམ་བསྟན་འཛིན་ལེགས་དོན་དང་འབྲེལ་བ་ཡོད་པའི་ས་ཆ་ཅིག་ཨིན། དེ་ཡང་ལེགས་དོན་རྣམ་ཐར་ནང་ལས། “ཤར་ལུང་མི་ལོག་གི་ཡུལ་གྲུ་དག་ཏུ་འབྲས་ཀྱི་བསོད་སྙོམས་མཛད་ནས་ཨ་ཐང་ལ་ཕེབས། སྟག་ལུང་ནང་ ནང་ལ་བཞུགས་ཞག་གནང་དུས། བདུད་རྒྱལ་མཚོ་ལྟོ་མེད་ཀྱིས་རྗེ་ཉིད་གདན་འདྲེན་ཞུས་ནས། བདུད་རྒྱལ་རང་དང་འཁོར་བསམ་གྱིས་མི་ཁྱབ་པ་རྣམས་ལ་ཚེ་དབང་དང་གདམས་པ་མང་པོ་གནང་ཞིང་། བདུད་རྒྱལ་དེས་མཎྜལ་འབུལ་བར་ལངས་ཚེ། ཁོའི་གཟུགས་བོང་རི་དང་མཉམ་པ། མདོག་སྨུག་ནག་སྐྲ་མེ་རི། སྨ་ར། ཨག་ཚོམ། རྒྱ་ཞོལ་དང་བཅས་པ། གོས་ནག་གྱོན། རཀྴའི་འཕྲེང་བ་ཐོགས་པའི་འཇིགས་སུ་རུང་བ་ཞིག་འདུག་པ་དེ་ལ། ཆུང་མ་བུ་དང་བུ་མོ་བདུད་འཁོར་གྲངས་ཀྱིས་མི་ལང་བ་ནོར་ལོངས་སྤྱོད་ཀྱང་དུ་མ་འདུག་ཅིང་། མཛོད་ཁང་མང་པོའི་སྒོ་ཕྱེ་ནས་རྗེ་ཉིད་སྤྱན་དྲངས་ཏེ། འབུལ་བ་ཕུལ་ཞིང་གཟིགས་འབུལ་ཞུས། རྗེ་ཉིད་ཀྱིས་སྒྲོམ་མང་པོ་འདུག་པ་གཅིག་ཁ་ཕྱེ་ནས་གཟིགས་པས། ལོ་དང་ཟླ་བ། ཚེས་གྲངས་དུས་ཚོད། དུས་དེ་ཙམ་ལ་ལུང་པ་འདི་ནས་ཡུལ་གྲུ་འདི་ཞེས་བྱ་བའི་མིའི་སྲོག་དབུགས་བསྡུས་པའི་འཛིན་ཐོ་ཡིན་པར་འདུག །སྡིམ་གདངས་བཟའ་མ་ཨ་མ་ཀ་ཏ་དཔལ་མོ་ཟེར་བ་རྗེ་ཉིད་ཀྱིས་ངོ་མཁྱེན་པ་ཞིག་ཀྱང་འདས་ནས་ལོ་འགའ་སོང་བ་ཡང་བདུད་རྒྱལ་དེའི་རྟ་རྫིར་སྐྱེས་འདུག་པ་དེ་ཡང་གནས་སྤར་ནས་བདུད་འཁོར་གྲོལ་བར་མཛད། བདུད་རྒྱལ་འཁོར་བཅས་ཀྱང་དམ་ལ་བཏགས་ཤིང་མ་འོངས་པ་ན་ཐར་པ་ཐོབ་པར་བྱིན་གྱིས་རླབས་སོ།།”[3] ཟེར་འཐོན་དོ་ཡོདཔ་ལས་མི་དང་མི་མ་ཡིན་པ་ལ་སོགས་པའི་འགྲོ་བ་ཀུན་ལུ་མཁྱེན་བརྩེ་མཚུངས་པ་མེད་པའི་ཐོག་ལས་འགྲོ་བའི་དོན་མཛད་པའི་བླ་མ་སྒང་སྟེང་སྐྱབས་མགོན་ཟེར་མཚན་སྙན་གྱི་གྲགས་པ་ཡང་དུས་དེ་ལས་འགོ་བཟུང་སྟེ་བྱུང་ནུག ། ས་ཆ་དེ་ནང་ལུ་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་དབང་གིས་བདུད་རྒྱལ་འཁོར་དང་བཅས་པའི་མ་དག་འཁོར་བའི་གནས་ལས་ཐར་པའི་གོ་འཕང་ལུ་བཀོད་ནུག་ཟེར་བའི་ལོ་རྒྱུས་འདི་འཇིག་རྟེན་པའི་སྲུང་བཟུམ་ཅིག་མེན་པར་དངོས་བྱུང་ཕུན་སུམ་ཚོགས་པའི་གཏམ་གྱི་གཞི་ཅིག་ཨིན་མས།
དེ་འབདཝ་ལས་སླབ་སྲོལ་ལུ། “བླ་མ་སྒང་སྟེང་པ། སྦྱིན་བདག་ཨ་ཐང་པ” ཟེར་མི་ཡང་སྒང་སྟེང་བླ་མའི་མཛད་འཕྲིན་མང་ཆེ་ཤོས་ཨ་ཐང་རུ་ཁ་ནང་ལས་ཕར་བྱུང་ཡོདཔ་ལས་དུས་དེ་ཅིག་ལས་བྱུང་སྟེ། ཧོར་ཟླ་དགུ་པའི་སྒང་སྟེང་ཚེས་བཅུའི་སྐབས་སྦྱིན་བདག་ཨ་ཐང་པ་ཚུ་གིས་འབད་དོ་ཡོདཔ་མ་ཚད། ལྷ་ཁང་དེའི་མཆོད་གཞིས་དང་བཅས་པ་སྦེ་ཕུལ་ནུག ། སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་ཆེན་མོའི་མདུན་ཕྱོགས་ཀྱི་སྤྱན་རས་གཟིགས་ལྷ་ཁང་འདི་ཡང་སྦྱིན་བདག་གཙོ་བོ་ཨ་ཐང་པ་ཚུ་གིས་བཞེངས་ཕུལ་བའི་ལོ་རྒྱུས་འདུག །
༈ ལོ་རྒྱུས་མང་བའི་ཨ་ཐང་མཚོའི་སྐོར།
ཨ་ཐང་མཚོ་འདི། འབྲུག་རྒྱལ་ཁབ་ན་སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དང་འབྲེལ་བའི་མཚོ་ཁག་གསུམ་ཡོད་པའི་གྲས་ལས་གཅིག་ཨིན། མཚོ་ཁག་གསུམ་འདི་ཡང་བླམ་དཔལ་རི་བླ་མཚོ་དང་། བསམ་གཏན་སྒང་ལུད་མཚོ། ཨ་ཐང་མཚོ་གསུམ་ཨིན་མས། དེ་འབདཝ་ལས་ཨ་ཐང་གི་ལོ་རྒྱུས་ཀྱི་ནང་ལུ་ཡང་མཚོ་འདི་གལ་ཅན་ཅིག་ཨིན། དེ་ཡང་ལོ་འཕོ་མཁར་[4]གཡུས་ཚན་ལས་སྐར་མ་བཅོ་ལྔ་དེ་ཅིག་རྐང་སྟོང་སྦེ་འགྱོ་བའི་ཡར་ཕྱོགས་ལུ་ཆགས་ཏེ་འདུག །མཚོ་མ་ཆགས་པའི་ཧེ་མ་སོ་ནམ་པའི་ལཱ་འབད་དེ། གནམ་སེར་ཁར་སྟོན་ཐོག་བྱཱོ་འཚོ་སའི་ཞིང་ཨིན་མས། ཞིང་གི་ཨམ་འདི་ཞིང་ནང་བྱཱོ་བརྔ་སྟེ་སྡོད་པའི་སྐབས། ཚར་ཅིག་འབདཝ་ད། དྲོ་པ་ཧ་སག་སྟེ་ ངོ་རིས་དང་གཟུགས་གཤིས་ག་ནི་བ་འཇའ་བའི་བུམོ་ལང་ཚོ་དང་ལྡན་པ་ཅིག་འོང་ཞིནམ་ལས། “ ད་རི་བུམོ་ང་ནཱ་ལུ་གནསཔོ་ཅིག་བརྙ་དགོ་ནི་མས། བྱཱོ་ང་གིས་ཡང་བརྔ་རོགས་འབད་འོང་།” ཟེར་སླབ་ད། ཞིང་འདི་གི་སྦྱིན་བདག་ཨམ་འདི་གིས་ཡང་། “ལཱཔ་མ་ཐོབ་པར་སྡོདཔ་ད་ཀྲིག་ཀྲི་རང་ཨིན་མས། བཏུབ་བཏུབ། གནསཔ་འདི་བརྙ་ནི་རང་མམ། འདི་འབདཝ་ད་སྟོན་ཐོག་བསྡུ་མ་ཚར་ཚུད་ཚོད་ལཱ་རོགས་འབད་གནང་སྨ་རེད་” ཟེར་སླབ་སྦེ་བྱཱོ་ཡང་བརྔ། ཁོང་གཉིས་འབྲེལ་བ་འགྱོ་ནུག ། དེ་ལས་ཕྱི་དྲོ་ཁམ་ཅིག་ལས་བུམོ་འདི་གིས། ཁྱོད་རང་ལྟོ་འབད་བར་སོང་། ལཱ་མཇུག་ང་གིས་བསྡུ་གེ །ང་ཁྱོད་འབད་ས་ཡང་མི་འགྱོ། ཞིང་ན་ཁྱིམ་ཅུང་ནང་སྡོད་ད་ནི” ཟེར་བསླབས་ད་ཨམ་འདི་གིས་དོན་དག་ཧ་མ་གོ་བར་ “ཡ་ཡ་” ཟེར་ནས་ཁས་ལེན་ཏེ་ཇ་དང་ལྟོ་གིས་གྲ་སྒྲིག་འབད་བར་ཡར་སོང་ནུག །རས་ཡང་ཞིང་གི་མཇུག་ལས་ཡར་བརྔས་ཏེ་ཚར་སོང་ནུག །དེ་ཚེ་ཕྱི་རུ་བུམོ་འདི་ཁྱིམ་ནང་ལུ་ཡང་འོང་ནི་མེད་པར་དྲོ་པ་ཧ་སག་སྦེ་སྦྱིན་བདག་ཨམ་་འདི་ཞིང་ཁར་ལུ་བལྟ་བ་འགྱོ་བའི་སྒང་ལས། ཨ་རི་ཞིང་འོག་ལས་མར་ག་ར་མཚོ་གིས་གང་སྦེ་མཐོངམ་ལས་ཨམ་འདི་ཧ་ལས་སེམས་ཤི་སྟེ་ཚར་ཅིག་དྲན་མེད་རང་བརྒྱལ་སོང་ནུག ། དྲན་མེད་ལས་ལོག་སྟེ་ངེའི་གཞིས་ཟེར་སྔུ་ཡི་རང་མཚོའི་མཐའམ་ཏོག་ཙེ་གིས་བརྐོས་ཏེ་མཚོ་སྤེད་བཏངམ་ད། ཁ་ཙང་གི་བུམོ་དེ་འོང་ཞིནམ་ལས། “སྦྱིན་བདག་ཨ་མ། སེམས་མ་ཕམ། ང་སྡོད་པའི་གནས་མེད་པར་ཁྱེད་ཀྱི་ས་ཁར་གནསཔོ་བརྙ་དགོཔ་འཐོན་སོའི། ཁྱེད་ཀྱིས་ང་ལུ་གཞིས་དེ་གནང་། ང་གིས་ཡང་ཁྱོད་ལུ་དངོས་གྲུབ་ཅིག་བྱིན་གེ” ཟེར་སླབ་སྟེ་མཚོ་རྒྱུག་ལུ་རྡོ་སྦོམ་ཅིག་ཡོད་མི་འདི་མཚོ་ལྡེ་མིག་རྐྱབ་ས་ཟེར་སླབ་ཨིན་མས། དེ་ལས་མཚོ་སྨནམོ་གིས་རྟ་དཀར་རྟིང་ནག་ ཅིག་བྱིན་ཏེ། རྟ་མཆོག་ནོར་བུ་འདི་དང་གཞིས་གཉིས་བརྗེས་ནུག །མཚོ་སྨནམ་གིས། “ཁྱོད་རང་རྟ་འདི་ལྟོ་བཀྱེས་མ་བཅུག །སྐད་རྐྱབ་མ་བཅུག །མི་གཞན་ལུ་མཐོང་བ་བཅུག །རྟ་འདི་གིས་ཁྱོད་ལུ་དགོ་པའི་ནོར་ལོངས་སྤྱོད་ག་ཅིག་བཟུམ་ཨིན་རུང་བསྒྲུབ་འོང་” ཟེར་སླབ་སྟེ། ཨམ་འདི་གིས་ཡང་མཚོ་སྨན་གྱིས་སླབ་དོ་བཟུམ་སྦེ་རང་གཞན་ལས་གསང་སྟེ་གསོ་སྡོད་ནུག ། ཨམ་འདི་གིས་མཚོའི་མཐའམ་བཀོག་པའི་ཤུལ་ཨིན་ཟེར་མཚོའི་ཟུར་ཁར་ལུ་ཆུ་ཡུར་ཅིག་ཡོད་མི་འདི་ཨིན་མས། ཨམ་འདི་ཡང་ རྟ་མཆོག་འདི་གི་བསོད་ནམས་ལུ་བརྟེན་ཏེ་ལོ་རེ་བཞིན་དུ་ཡར་རྒྱས་འགྱོ། བསམ་དོན་གྲུབ། འབྱོར་བ་ཅན་ཅིག་ལུ་གྱུར་སོང་ནུག །
དེ་གི་སྐབས་རྟ་ཡོད་མི་ཚུ་ཕྱུགཔོ་ཨིནམ་ལས། གཞུང་ལུ་རྟ་ཁྲལ་ཡང་ཕུལ་དགོ་དོ་ཡོདཔ་ཨིན་མས། དུས་ནམ་ཅིག་གི་ཚེ་འཛོམས་བསྡུ་ཅིག་ནང་འགྱོ་བའི་སྐབས་ཨམ་འདི་གིས་ “ཡ་དབའེ། ང་རྟ་ལུ་ཆག་སྦྱིན་དགོཔ་ཡོད་” ཟེར་མི་འཛོམས་སར་ཁ་ཤོར་སོངམ་ལས། འདི་ནང་གི་མི་ཚུ་གིས་ཞིབ་དཔྱད་འབད་དེ་བལྟ་བ་འགྱོ་བའི་སྒང་ལས་ རྟ་འདི་ཡང་རྟ་ཕལ་པ་དང་མི་འདྲ་བར། སྤུ་མདོག་དང་གོམ་བགྲོད། སྐད་དང་རྩལ་ལ་སོགས་རྟ་གི་ཁྱད་ཆོས་བཅུ་གསུམ་ཚང་མི་ལུ་བརྟེན་རིམ་པ་བཞིན་དུ་རྟ་དེ་གི་སྐོར་ཁྱབ་གྲགས་འདི་དབང་རྫོང་གི་དབང་ཆེན་དཔོན་པོ་སྒོ་ཁར་ཚུན་ཚོད་ལྷོད་དེ། གཞུང་ནས་ཞིབ་དཔྱད་འབད་བའི་ཤུལ་ལུ་ རྟ་གི་རྟ་ཁྲལ་མ་ཕུལཝ་ལས་རྟ་འདི་དཔོན་ལུ་ཕུལ་དགོ་པའི་བཀའ་ཤོག་ལྷོད་ནུག །རྟ་མཆོག་འདི་ཡང་རང་དབང་མེད་པར་གཞུང་ལུ་ཁྱིད་འགྱོཝ་ད། རྟ་འདི་འགྱོ་དགོ་མ་མནོཝ་ལས་ མིག་གཡས་གཡོན་གཉིས་ལས་མིག་ཆུ་ཤོར་ཤོརཝ་ཨིན་ཟེར་ རྟ་མིག་ཆུ་ཤོར་ས་ ཟེར་བའི་ཆུ་རྫིང་གཉིས་ཡོདཔ་ཨིན། འ་ནི་རྟ་མིག་ཆུ་ཤོར་ས་ཟེར་སའི་ས་སྒོ་དེ་ནང་ལྷོདཔ་ད་རྟ་དཔོན་ཚུ་གིས་རྟ་འདི་ག་དེ་སྦེ་ཁྱིད་རུང་ཁྱིད་མ་ཚུགས་པར་དཔོན་ལུ་ཞུ་བ་སོང་། དཔོན་གྱིས་ཁྱིད་མ་ཚུགས་པ་ཅིན་ལྟག་ལྐོག་ཨིན་རུང་བཏོག་འབག་ཤོག་ཟེར་བཀའ་གནངམ་ལས། ཁོང་གིས་རྟ་འདི་བསད་དེ་རྟ་གི་མགྲིན་པ་སྦེ་འབག་འགྱོ་ནུག ། དུས་དེ་ལས་བཟུང་གཡུས་འདི་ནང་ལུ་མི་ནད་ཕྱུགས་ནད་འཐོན། ལོ་ཐོག་ལུ་སེད་སེར་སོགས་ཀྱི་རྒུད་པ་ལོ་གསུམ་དེ་ཅིག་བྱུང་བའི་ལོ་རྒྱུས་འདུག ། རྟའི་མགུ་ཏོག་འདི་གཞུང་ལུ་འབག་ཞིནམ་ལས་དཔོན་ལུ་ཕུལ་སའི་ས་ཁོངས་འདི་ལ་ལུ་གིས་ཁུ་བྱུག་ལ་ཨིནམ་ལས་ད་ལྟོའི་བར་ནང་ཡང་ཁུ་བྱུག་ལ་ལུ་ཡོདཔ་སྦེ་བཤད་ནི་འདུག །ལ་ལུ་གིས་རྟ་མགོ་ལུ་འབག་ནི་དེ་གིས་ ཐིམ་ཕུག་རྟ་མགོ་ཟེར་མི་འདི་ དེ་ལས་བཟུང་དར་དརཝ་ཨིན་ཟེར་སླབ་རུང་། རྟ་མགོ་གི་མིང་ཆགས་ཚུལ་ཐད་ལོ་རྒྱུས་ཁུངས་ལྡན་རྣམ་ཐར་དག་ནང་ལུ་ཕ་ཇོ་གྲུབ་སྒོམ་ཞིག་པོ་གིས་རྟ་མགྲིན་གྱི་སྐུ་རང་བྱོན་སྦེ་མཇལཝ་ལས་རྟ་མགོ་ཟེར་ཡོངས་སུ་གྲགས་པའི་ལོ་རྒྱུས་དུས་རབས་ཧེ་མ་ལས་ཨིནམ་ལས་རྟ་གི་མགུ་ཏོག་བསྐྱལ་མི་ལུ་བརྟེན་ཏེ་དར་བའི་ལོ་རྒྱུས་འདི་མ་བདེནམ་ཨིན།
སྨྲས་པ།
སྔོན་བྱུང་གཏམ་གྱི་ཡིག་ཁུངས་མ་ཚང་ཞིང་། །སྔོན་བྱུང་མཁྱེན་པའི་མངོན་ཤེས་མེད་པ་ལ། །
ལོ་བརྒྱར་ཕྱིར་མིག་བྱས་པའི་སྣང་ཚུལ་འདི། །ཐེ་ཚོམ་ཙམ་ལས་འབྲི་བའི་ཐབས་གཞན་མེད། །
འདི་ལྟར་ཕྲིས་ཞེས་སྐུལ་མཁན་མ་བྱུང་ཡང་། །ལོ་རྒྱུས་འགའ་ཙམ་མཆིས་པ་གཙང་མའི་རོ། །
རྒན་པོའི་ལྗགས་རྩེ་དང་མཉམ་ཡལ་གྱིས་དོགས། །ཡིག་གཞོན་སྨྲ་མཆུར་གཏམས་པའི་ཚུལ་འདི་བྱས། །
* ངག་འདྲི་ཞུ་ས།
རྒན་ཤོས་རྒཔོ་བགྲེསཔ་དཔལ་འབྱོར། དགུང་ལོ་ ༧༦ ༼ ༢༠༢༡ ༽
ཨ་ཐང་མཁན་པོ་ཆོས་དབྱིངས་ནོར་བུ་རྒྱ་མཚོ། 17557085
བླ་མ་ཚེ་རིང་རྡོ་རྗེ།
སློབ་དཔོན་བསོད་ནམས་འབྲུག་རྒྱལ། 17861437
༄༅། །ཨ་ཐང་མཚོ་སྨན་གྱི་གསོལ་བསྡུས།
ཀ་མ་ལ་དང་ཀུ་མུཏ་ཡིད་དགའ་སོགས། །ཁ་མདོག་མཛེས་པའི་སྐྱེད་ཚལ་གྱིས་བསྐོར་ཞིང་། །
ག་བུར་ངད་ལྡན་ལྗོན་པའི་ཚལ་གསེབ་དང་། །ང་རྒྱལ་ཁེངས་བསྙིལ་གནམ་སྔོན་ཞུན་མའི་རྒྱུན། །
ཅ་ཅོའི་སྐད་སྙན་ལུས་དཀར་གྱིས་བསྟན་ཅིང་། །ཆ་བསགས་འབྲུ་ཞིང་གཡུར་ཟ་ལྡན་པའི་གནས། །
ཇ་ཤིང་ཙན་དན་ནགས་དང་ཨརྨོ་ནིཀཱ །ཉ་རྒྱས་ཟླ་ལྟར་མཛེས་པའི་ཕོ་བྲང་ནས། །
ཏ་ཐཱ་ག་ཏའི་བསམ་གཏན་འཇིག་ནུས་པའི། །ཐ་མལ་མིག་གི་བདུད་རྩི་མཚོ་སྨན་མ། །
ད་དུང་འདོད་པའི་རེ་བ་བསྐོང་བའི་ཕྱིར། །ནཱ་རིའི་གཙོ་མོ་འབོད་དོ་གནས་འདིར་བྱོན། །
པ་སངས་ལྟར་དཀར་སྤོས་ཀྱི་དུད་སྤྲིན་གྱིས། །ཕ་རོལ་སྣ་ཡི་དབང་པོ་ཚིམ་བྱེད་ཅིང་། །
བ་གླང་སྤྱོད་སོགས་ཞིང་ཁམས་ཀུན་ཁྱབ་འདི། །མ་དག་གཙང་གཙོག་དྲི་མ་ཐམས་ཅད་བསང་། །
ཙ་རུ་ལ་སོགས་བཟའ་བཅའ་དང་། །ཚ་བའི་གདུང་བཅིལ་དཀར་ཆུའི་རྒྱུན། །
ཛ་དྲག་གསེར་གཡུ་སྨན་གྱི་བུམ། །ཝ་ལེར་སྔགས་རྒྱས་རླབས་ཏེ་འབུལ། །
ཞྭ་ལྟར་རཏྣ་ཐོད་བརྒྱན་ཅིང་། །ཟ་བཏུང་འདོད་པའི་དངོས་གྲུབ་སྟེར། །
འ་འུར་འཕྲིན་ལས་སྒྲུབ་བྱེད་པའི། །ཡ་མཚན་རྨད་བྱུང་མཚོ་སྨན་མ། །
ར་བ་གངས་རིས་བསྐོར་བའི་སྨན་ལྗོངས་འདིར། །ལ་འུར་ཕན་བདེའི་རྒྱལ་བསྟན་སྤེལ་བ་དང་། །
ཤ་ཟ་འབྱུང་པོའི་བར་ཆད་སྣ་ཚོགས་པ། །ས་སྟེང་རྡུལ་ཙམ་མེད་པའི་འཕྲིན་ལས་སྒྲུབ། །
ཧ་ཧོ་ཧྲཱི་ཡིས་སྤེལ་བའི་དམ་ཚིག་རྫས། །ཨ་མྲི་ཏ་ཡི་ཟས་འདི་ཁྱོད་ཀྱིས་ལོང་། །ཞེས་སོ།།
མ་ཕྱི་ངོ་མ་ལག་ཏུ་མ་སོན་པས་རྩོམ་པོ་སུ་ཡིན་ཁོད་མི་འདུག་ཀྱང་བསྟན་འཛིན་ལེགས་དོན་ཡིན་པར་གྲགས་ཆེ། འདྲ་བཤུས་བྱས་འདུག་པས་བུ་དཔེའི་དག་ཆ་ལ་སྐྱོན་མང་ཤོར་འདུག་པས་འདིར་ཁོ་བོ་ཚོགས་སྨྱོན་པས་བཅོས་ཁུལ་བྱས་ཡོད་ཞུ།
[1] ཁ་ཅིག་ཕྱག་རྡོར་སྐུ་དེ་ཉིད་རྒྱལ་བ་བསྟན་འཛིན་གྲགས་པའི་གཏེར་མ་ཡིན་ཚུལ་བཤད་ཀྱང་རྣམ་ཐར་དུ་མི་གསལ། འོན་ཀྱང་གདན་ས་གཞན་ཞིག་ནས་དེར་གདན་དྲངས་པ་ཡིན་སྲིད། གང་ལྟར་ཡང་གཏེར་མ་ཡིན་པར་བཤད། །
[2] དགེ་སློང་བསྟན་འཛིན་ཆོས་རྒྱལ,<<བསྟན་འཛིན་ལེགས་དོན་གྱི་རྣམ་ཐར།>> p.127
[3] དགེ་སློང་བསྟན་འཛིན་ཆོས་རྒྱལ,<<བསྟན་འཛིན་ལེགས་དོན་གྱི་རྣམ་ཐར།>> p. 126
[4] ལོ་འཕོ་མཁར་ལས མོ་ར་མཁར་ལྷ་ཁང་ནང་ཆུ་ཚོད་ ༡ ཙམ་ཁ་གྱེན་འཛེགས་ཏེ་འགྱོ་དགོ་དོ་ཡོདཔ་ཨིན།