སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་དགོན་པའི་ལོ་རྒྱུས
༼དགོན་པ་ཕྱག་བཏབ་ཚུལ། ༽
དེ་ཡང་གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོའམ་ལྕགས་ཟམ་པ་མཆོག་ དུས་རབས་ ༡༥ པའི་སྤྱི་ལོ་ ༡༤༤༠ དེ་ཅིག་ནང་ལུ་ བོད་ཀྱི་ཕྱོགས་ལས་ལྷོ་མོན་ཁ་བཞིའི་ཞིང་ཁམས་ཨྱོན་མ་ཧཱ་གུ་རུའི་སྒྲུབ་གནས་འབྲུག་སྤ་གྲོ་སྟག་ཚང་ལུ་བྱོན་ཏེ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ཞལ་གཟིགས། སྟག་ཚང་གི་གནས་བདག་ཀླུ་བདུད་མགོ་དགུ་པ་གིས། ཁྱེད་རང་གི་ཆོས་ཀྱི་སྐལ་བ་ཨྱོན་ཆེན་པོས་འདི་ནང་བཞག་ཡོདཔ་ལས་གཏེར་འདི་ནང་ལས་བཞེས་ཟེར་ཞུཝ་བཞིན་དུ། གྲུབ་ཐོབ་ཆེན་པོ་གིས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་གཅིག་ཏུ་བསྡུས་པའི་ཤོག་དྲིལ་འདོམས་བཅུ་ཐམ་ལང་མི་ཅིག་སྟག་ཚང་གི་བྲག་ལས་གཏེར་བཞེས་གནང་། དེ་ལས་གྲུབ་ཐོབ་མཆོག་རྒྱ་གར་ལུ་མཆོད་རྟེན་རྣམ་དག་དྲུང་མཇལ་བར་ཕེབས་ཏེ་ཐུགས་སྨོན་རྒྱ་ཆེར་གནངསྟེ། རྒྱ་གར་གྱི་གྲུབ་ཐོབ་དམ་པ་ཚུ་ལས་གདམས་ངག་ཁྱད་པར་ཅན་ཚུ་ཐོབ་ཞིནམ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་ བཞེངས་ཏེ་རོ་ལངས་དང་འདྲེ་སྲིན་ཚུ་བཏུལ། རྒྱ་གར་ལས་བོད་ལུ་མ་བྱོན་པའི་ཧེ་མ་འབྲུག་ལུ་བྱོན་ཏེ་ས་གནས་མང་རབས་ཅིག་ནང་ལྷ་ཁང་དགོན་སྡེ་དང་། སྐུ་གསུང་ཐུགས་རྟེན། ཆུ་ཆེན་དང་གནས་རྩ་ཆེན་ཚུ་ནང་ལྕགས་ཀྱི་ཟམ་པ་དང་སྒྲུབ་པའི་སྡེ་བསམ་གྱིས་མི་ཁྱབ་པ་བཞེངས་གནང་སྟེ། འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཡོད་པའི་གྲལ་ལས་དུས་རབས་བཅོ་ལྔ་པའི་སྟོད་ ཙམ་ལུ་སྤྱི་ཏོག་ཁའི་དགོན་པ་ཕྱག་བཏབ་ཡོད་པའི་ལོ་རྒྱུས་འདུག །
༢༽ དགོན་པ་དང་ཆོས་གཞིས་བཅས་སྒང་སྤྲུལ་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱིས་བཞེས་ཚུལ་སྐོར།
རྗེ་བླ་མ་མཆོག་གིས་སྐུ་མཚམས་ལོ་གསུམ་གྱི་རིང་ལུ་བླ་མ་ནོར་བུ་རྒྱ་མཚོའི་སྒྲུབ་པ་དང་། ཕྱག་ན་རྡོ་རྗེ། རྡོ་རྗེ་ཕུར་པ་ལ་སོགས་པའི་ཡི་དམ་གྱི་བསྙེན་སྒྲུབ་ཚུ་མཐར་ཕྱིན་གནང་སྟེ་ རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་རྩ་རླུང་འཁྲུལ་འཁོར་ཡོངས་རྫོགས་སྒྲུབ་པ་གནང་ཚར་ཞིནམ་ལས། ལོག་སྟེ་རང་ལོ་དག་པ་ཅིག་གི་རིང་ལུ་སྐུ་མཚམས་ནང་བཞུགས་ནིའི་ཐུགས་དགོངས་བཞེས་རུང་། བོད་ཀྱི་སྡེ་སྲིད་གཙང་པ་གིས་དབུས་གཙང་གི་དམག་དཔུང་ལྷོ་མོན་ཕྱོགས་ལུ་གཡོ་བའི་རྐྱེན་གྱིས། འདིའི་སྐབས་གཞུང་ལས་བཀའ་ཤོག་ཕེབས་པ་བཞིན་རྗེ་བླ་མ་བསྟན་འཛིན་ལེགས་དོན་མཆོག་སྤུ་ན་ཁ་ལུ་བྱོན་ཏེ་བཀའ་བརྒྱད་ཀྱི་གཏོར་བཟློག་རྒྱས་ཤིང་རྒྱས་པར་མཛད་དེ་བོད་ཀྱི་དམག་དཔུང་ཚུ་ཡུད་ཙམ་ཅིག་ནང་བཟློག་ཚུགས་པའི་ནུས་ སྟོབས་བྱུངམ་ལས་མི་ཚུ་ཡིད་ཆེས་ཀྱི་དད་པ་བསྐྱེད་དེ་སྡེ་སྲིད་ཆོས་རྒྱལ་མི་འགྱུར་བརྟན་པ་གིས་ཀྱང་ད་རེས་ཀྱི་དམག་དཔུང་ཟློགས་ཚུགས་མི་འདི་བླམ་སྒང་སྟེང་སྤྲུལ་སྐུའི་ནུས་པ་ལས་བརྟེན་ཨིན་ཟེར་ཐུགས་དགྱེས་ཏེ་གཏང་རག་གི་ཡོན་སྦེ་ལེགས་ཁ་སྦིས་ཀྱི་གཞིས་དང་། རྟ་དང་། ཆུ་འཐག་ཚུ་ཕུལ་གནང་ནུག། ལྷག་པར་དུ་རྗེ་བླ་མ་དགུང་ལོ་སུམ་ཅུ་སོ་བདུན་བཞེས་པའི་སྐབས་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས། བླ་མ་ལུ་ཁྱེད་བླ་སློབ་ཚུ་དགུན་གྱི་བཞུགས་གནས་མིན་འདུག། ཤར་གྱི་ལུང་ཕྱོགས་ལས་གཙུག་ལག་ཁང་བཞེངས་ནི་ས་ཆ་གཅིག་ཕུལ་ནི་ཡོད། ལུང་པ་ག་ཐུགས་དགྱེས་མི་འདི་ གདམ་ཁ་མཛད་གནང་ཟེར་གསུངསམ་ལས། བླ་མ་མཆོག་གིས། གཙུག་ལག་ཁང་བཞེངས་ནིའི་ས་ཆ་ཅིག་གནང་པ་ཅིན། སྔོན་མ་ཞབས་དྲུང་པདྨ་ཕྲིན་ལས་ལུ་གྲུབ་ཐོབ་ལྕགས་ཟམ་ཆོས་རྗེ་གིས་ཕུལ་མི་ཤར་སྤྱི་ཏོག་ཁའི་དགོན་པ་དང་། དགོན་གཞིས་ལེགས་ཁ་སྦིས་ (ལེན་མཁས་སྦྱིས) ཟེར་མི་འདི་བཀའ་དྲིན་བསྐྱང་གནང་ཟེར་ཞུཝ་ལས། སྡེ་སྲིད་བསྟན་འཛིན་རབ་རྒྱས་ཀྱིས་ཐུགས་ཤིན་ཏུ་དགྱེས་ཤིང་ཡིད་རང་པའི་སྒོ་ལས་རྒྱུ་ནོར་ལོངས་སྤྱོད་དང་བཅས་མཎྜལ་གྱི་ཚུལ་དུ་ཕུལ་ཞིནམ་ལས་སྒང་སྤྲུལ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་གིས་བཞེས་གནང་ཡོདཔ་ཨིན་པས།
༣༽ གཙུག་ལག་ཁང་བཞེངས་ཚུལ་གྱི་སྐོར།
དེ་ཡང་བསྟན་པ་དང་སེམས་ཅན་གྱི་མཐའ་དོན་ཁོ་ན་དང་། ལྷག་པར་ལྔ་བརྒྱ་ཐ་མའི་དུས་ལུ་འབྲས་བུ་གསང་སྔགས་ཀྱི་བསྟན་པ་དར་ནིའི་དོན་ལུ་སྒང་སྤྲུལ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་གིས། གཙུག་ལག་ཁང་བཞེངས་ནིའི་དགོངས་བཞེད་གནང་སྟེ། སྤྱི་ལོ་ ༡༦༨༢ ལུ་ད་ལྟོ་སྒང་སྟེང་སྐུ་ཕྲེང་རིམ་བྱོན་གྱི་དགུན་གྱི་བཞུགས་གནས་གཙོ་བོ་ཅིག་ཨིན་མི་དབང་འདུས་རྫོང་ཁག་ཉི་ཤོ་ཁ་དང་ཀ་གཞི་རྒེད་འོག་གཉིས་ཀྱི་སྦུག་ལུ་ཆགས་ཏེ་ཡོད་པའི་གདན་ས་སྤྱི་ཏོག་ཁ་ལུ་ཕེབས་ནུག། དེ་ལས་རྗེ་བླ་མ་མཆོག་གིས་ས་གནས་འདི་ནང་ལྟོ་འཕྱེའི་བརྟག་པ་ལས་བཟུང་བགེགས་བསྐྲད་དང་ ས་བླང་སོགས་མཛད་གནང་ཞིནམ་ལས། གནམ་ལོ་ཤིང་ཁྱི་ཟླ་བ་ ༡༢ པའི་ཚེས་ ༡༠ ཨྱོན་གུ་རུ་རིན་པོ་ཆེའི་ཡར་ངོའི་དུས་བཟང་གཟའ་སྐར་རྟེན་འབྲེལ་བཟང་པོའི་ཉིནམ་དང་བསྟུན་གཙུག་ལག་ཁག་ཆེན་པོའི་རྨང་གཞི་བཏིངས་གནང་སྟེ། ཧེ་མ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གནང་བའི་སྐབས་བཟུམ་སྦེ། སྣང་སྲིད་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་གནོན། ལྷ་འདྲེ་མི་གསུམ་གྱིས་གྲོགས་རམ་འབད་དེ་གཙུག་ལག་ཁང་བཞེངས་ནི་ཕྱག་ལཱ་འགོ་བཙུགས་གནང་ནུག། དེ་ལས་ལྷ་ཁང་བཞེངས་པའི་སྐབས་བླ་མ་ཁོ་རང་གིས་ལཱ་དཔོན་བླ་མ་ཤཱཀྱ་དང་བཟོ་དཔོན་དགེ་སློང་རྒྱ་མཚོ་རྣམ་གཉིས་ལུ་ལཱ་གི་བསླབ་སྟོན་ཚུ་གནང། རྡོ་བཟོ་བོ་ཚུ་ཡང་ ཤར་ཁྱོསམ་སེང་དང་ཉི་ཤོ་ཁ་ལ་སོགས་པའི་གྲྭ༌རིགས༌ཀྱི་སྦྱིན་བདག་ཚུ་གིས་འགན་ཁུར་གཙོ་བོ་བཞེས། ཤིང་བཟོ་རྐྱབ་མི་ རྒྱ་གར་བྱ་མ་བཀྲ་ཤིས་དང་ཚེ་དབང་ཕུན་ཚོགས། སྤུ་ན་ཁ་ལས་བསྟན་འཛིན་དང་མདོ་སྔགས་ཁོང་བཞི་གིས་གཙོས་པའི་ ཤིང་ཆས་ཀྱི་རིགས༌རྣམས༌འོག་ཐོག་གི་སྒོ་ལས་འགོ་བཙུགས་ཐོག་ཆ་ཚུན་ལྷ་ཁང་འདི་དབུ་ཐོག་རིམ་བརྩེགས་ལྕགས་རི་ཁོར་ཡུག་དང་བཅསཔ་སྦེ་ལོ་གསུམ་གྱི་རིང་ལུ༌སྒྲུབ༌གནང༌ནུག།
ལྷ༌ཁང༌ནང༌གི༌ལྡེབས༌རིས༌ཚུ༌ཡང༌བུམ༌ཐང༌ཕྱོགས༌ལས༌ཆོས་རྗེ་པདྨ་བླ་སློབ་དང་། གནས་ཕུའི་རི་མོ་མཁན་ལྷུན་གྲུབ་རྡོ་རྗེ་ལ་སོགས་པའི་སྐྱེས་ཆེན་དམ་པ་ཚུ་གིས་ལྷ༌ཁང༌གཙོ༌བོ༌གུ༌རུ༌མཚན༌བརྒྱད། སིནྡྷུ་རྒྱ་མཚོའི་རྣམ་ཐར། རྒྱ་གར་རིག་འཛིན་བརྒྱད་ལ་སོགས་པ་དང་། ཐོག་ལུ་རྟེན་རྫས་དང་བཅས་པ། གཙང་ཁང་ནང་ལུ་འཕགས་པའི་གནས་བརྟན་བཅུ་དྲུག་དང་དུས་གསུམ་སངས་རྒྱས་སོགས་བཞེངས་གནང་སྟེ། གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་ཡོངས་སུ་རྫོགས་པ་སྦེ་སྒྲུབ་ གནང་ཞིནམ་ལས། དགོན་པའི་མཚན་ལུ་ཕུན་ཚོགས་རབ་བརྟན་གླིང་ཟེར་བཏགས་གནང་ནུག། ངག་རྒྱུན་ལྟར་བཤད་སྲོལ་དེ་ཡང། ལྷ་ཁང་འདིའི་གཙང་ཁང་ནང་དབྱར་ཚ་དྲོད་ཆེ་བའི་སྐབས་རླུང་བསིལ་འཇམ་པའི་རེག་བྱ་དང་ལྡན་པ། དགུན་ཟླ་གྲང་བའི་རེག་པ་ཤུགས་ཆེ་བའི་སྐབས་ཚ་དྲོད་ཀྱི་རང་བཞིན་སྙོམས་པ་སྦེ་ཡོད་པའི་ཁྱད་ཆོས་ཚུ་གཞན་དང་མ་འདྲཝ་སྦེ་ཡོད་པའི་ལོ་རྒྱུས་བཤད་ནི་འདུག།
༤༽ དགོན་པ་སླར་ཉམས་གསོ་མཛད་ཡོད་པའི་སྐོར།
གནམ་ལོ་ཤིང་རྟ་ལོའི་སྐབས་སེམས་ཅན་གྱི་ལས་དབང་ངན་པའི་རྐྱེན་ལས་བརྟེན་འབྱུང་བཞིའི་རྐྱེན་ས༌ཡོམ་ཤུགས་ཆེན་སྦེ་བྱུང་སྟེ་སྐུ་རྟེན་དང་ལྡེབས་རིས་མང་ཤོས་ཉམས་ཆག་ཤོར་རུང་། གཙང་ཁང་ནང་ལུ་དུས་གསུམ་སངས་རྒྱས་མིའི་ཚད་ལས་ཆེ་བ་ཅིག་བཞེངས་ཡོད་མི་འདི་གནོད་པ་ཆུང་ཀུ་ཅིག་ཡང་མ་བྱུང་བར་ད་ལྟོའི་བར་ན་ཡང་མཆོད་པའི་རྟེན་དུ་བཞུགས་ཏེ་འདུག །རྗེ་བླ་མ་དགུང་ལོ་བདུན་ཅུ་དོན་བདུན་ལུ་ལོག་དགོན་པ་འདི་ནང་ཕེབས་ཏེ་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་པར་བཞག་ཐབས་ལུ་ཐུགས་དགོངས་རྒྱ་ཆེར་བཞེད་ཞིནམ་ལས་སླར་ཉམས་གསོ་མཐིལ་ཕྱིན་སྦེ་མཛད་གནང་ཡོདཔ་ཨིན་པས། དགོན་པ་འདི་ལོག་ཉམས་གསོ་མཛད་པའི་སྐབས་སྒྱུ་མའི་ཏིངངེ་འཛིན་གྱི་ངང་ལས་དགོན་ པའི་འགྱམ་རྡོ་གུར་ཞབས་རྗེས་གསལ་ཏོག་ཏོ་སྦེ་བཞག་གནང་མི་འདི་ད་ལྟོའི་བར་ན་ཡང་དད་ལྡན་རྣམས་ཀྱི་མཆོད་པའི་རྟེན་སྦེ་དགོན་པ་འདི་ནང་བཞུགས་ཡོདཔ་ཨིན། འདིའི་ཤུལ་ལས་རྒྱལ་བ་པདྨ་གླིང་པའི་གདུང་ལས་མཆེད་པའི་དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་རབས་གཉིས་པ་མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ཡང་ང་བཅས་རའི་རྒྱལ་ཁབ་ནང་གི་ཕོ་བྲང་དང་རྟེན་གསུམ་གསརཔ་བཞེངས་ཡོད་མི་དང་སྔོན་གོང་ལས་ཡོད་མི་ཚུ་ཉམས་གསོ་མཛད་པའི་སྐབས། སྤྱི་ལོ་ ༡༩༦༤ དེ་ཅིག་ཁར་དགོན་པ་འདི་ལོ་ངོ་མང་རབས་ཅིག་སོང་པའི་རྐྱེན་གྱིས་ཉམས་ཆག་སྦོམ་སྦེ་ཤོར་མི་ལུ་མི་དབང་མཆོག་ཐུགས་ཀྱིས་མ་བཟོད་པར་ནང་གི་སྐུ་རྟེན་བྱིན་རླབས་ཅན་ཚུ་ཉམས་ཆག་ཤོར་མ་བཅུག་པར་བཞག་ཐབས་ལུ་ནང་གི་རྟེན་སྔར་ག་ཡོདཔ་བཞག་ཞིནམ་ལས་ཕྱི་ལས་ལྷ་ཁང་གི་ལྡེབས་རིས་དང་བཅས་ལྷ་བྲིས་ཏའུ་ཏའུ་གིས་གཙོས་པའི་བཟོ་རིག་ལག་རྩལ་མཁས་པའི་སྡེ་ཚན་ཚུ་གིས་དགོན་པ་འདི་ཉམས་གསོ་མཛད་ཡོད་པའི་ལོ་རྒྱུས་འདུག།
༥༽༸སྐྱབས་རྗེ་སྒང་སྤྲུལ་སྐུ་ཕྲེང་དགུ་པ་ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་མཆོག་གིས་ཉམས་གསོ་མཛད་པ།
མ་གཞི་དགོན་པ་འདི་སྔོན་མ་ལས་རང་ཉམསཆག་དུམ་གྲ་རེ་ཤོར་ཡོད་རུང་སྤྱི་ལོ་ ༢༠༡༡ གནམ་ལོ་ལྕགས་མོ་ཡོས་ལུ་ འབྱུང་བ་བཞིའི་གནོད་རྐྱེན་སྦོམ་སྦེ་འབྱུང་བའི་སྐབས་ས་ཡོམ་གྱི་གནོད་པ་སྦོམ་སྦེ་རང་ཕོག་སྟེ་ལྷ་ཁང་གི་ནང་རྟེན་ཚུ་མ་གཏོགས་གཞན་ཕྱིའི་བཟོ་བཀོད་ཉམས་ཆག་ཤོར་ཡོད་མི་ལུ་བརྟེན་ད་ལྟོ་འཚོ་ཞིང་གཞེས་ཏེ་བཞུགས་མི་༸སྐྱབས་རྗེ་སྒང་སྤྲུལ་སྐུ་ཕྲེང་དགུ་པ་ ༸ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་གིས་སྤྱིར་རྒྱལ་བ་ལུང་རྟོགས་ཀྱི་བསྟན་པ་དང་། བྱེ་བྲག་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་ལས་བརྒྱུད་པའི་ཆེ་བ་དྲུག་ལྡན་གྱི་སྔ་འགྱུར་རྙིང་མ། སྒོས་སུ་གཏེར་སྟོན་པདྨ་གླིང་པའི་ཟབ་ཆོས་ཚུ་མི་ཉམས་གོང་འཕེལ་གཏང་ཐབས་ལུ་དང་། ཁྱད་པར་དུ་དགོན་པ་འདི་སྒང་སྤྲུལ་སྐུ་ཕྲེང་རིམ་བྱོན་ཚུ་གི་ དགུན་གྱི་གསོལ་ཐབ་ཕེབས་ས་གཙོ་བོ་ཅིག་ཨིནམ་ལས་བརྟེན་དགོན་པ་འདི་ལོག་སྟེ་བཞེངས་གནང་ནི་ཐུགས་ཀྱི་དགོངས་བཞེད་གཙོ་བོར་བཟུང་སྟེ། གཞུང་ལུ་སྙན་འབུལ་ཞུས་ཏེ། གཞུང་གི་བཀའི་གནང་བ་དང་འཁྲིལ་དེའི་སྐབས་ཀྱི་ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་གཙོས་པའི་གཞན་ཡང་ཆེ་མཐོའི་དཔོན་ཁག་ཚུ་དགོན་པ་དེ་ནང་བྱོན་ཏེ། དགོན་པ་ཉམས་ཆག་ཤོར་མི་ཚུ་ཞིབ་དཔྱོད་མཐིལ་ཕྱིན་སྦེ་གནང་ཚར་བའི་ཤུལ་ལས། ༧ སྐྱབས་རྗེ་སྒང་སྤྲུལ་རིན་པོ་མཆོག་གིས་སྤྱི་ལོ་ ༢༠༡༣ གནམ་ལོ་ཆུ་སྦྲུལ་རང་ཟླ་ ༡༡ པའི་ནང་པད་གླིང་བླ་མ་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ཚོགས་འཁོར་ འབུམ་དང་རྟེན་གསུམ་གཞན་དུ་སྤོ་བཤུད་མཛད་ནི་གསུང་ཆོག་གནང་སྟེ། མི་དམངས་ལུ་ཚེ་དབང་དང་ལྷ་ཁང་སླར་ཉམས་གསོ་གནང་ནི་གི་ཕྱག་ལཱ་འགོ་གཙུགས་དགོ་པའི་བཀའ་སློབ་ལམ་སྟོན་བཟང་པོ་ཚུ་གནང་ཞིནམ་ལས། དཔལ་སྒང་སྟེང་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་མཐོ་རིམ་བཤད་གྲྭ་ནང་ལས་བསླབ་པ་མཐར་སོན་ཏེ་དགོན་པ་འདི་ནང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མི་སློབ་དཔོན་ཚུ་གིས་འགན་གཙོ་བོ་གནང་སྟེ་ ༸སྐྱབས་རྗེ་རིན་པོ་ཆེའི་དབུ་ཁྲིད་བཟང་པོའི་འོག་ཕྱག་ཕྱིད་གང་དྲག་ཞུ་བའི་ཐོག་ལས་གནམ་ལོ་མེ་ཕོ་རྟ་ལོ་རང་ཟླ་ ༣ པ་སྤྱི་ལོ་ ༢༠༡༤ ལས་ལྷ་ཁང་གི་ཤིང་ཆས་རྙིངམ་དང་གྱང་མ་བཏུབ་མི་ཚུ་རྩ་བ་ལས་རང་བཤུབ་སྟེ་ད་ལྟོ་དགོན་པ་འདི་བཞེངས་པའི་བསྒང་ཡོདཔ་ཨིན།
༦༽སྐུ་མཆོད་འབུམ་སྡེའི་སྐོར།
སྤྱིར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་པའི་ཆོས་དང་། རིག་གཞུང་ལམ་སྲོལ་གྱིས་ཕྱུག་པའི་རྒྱལ་ཁབ་གཅིག་ཨིནམ་ལས། རྟེན་གསུམ་རབ་ཏུ་གནས་སའི་རྫོང་གཞི་ཁག་དང་། ལྷ་ཁང་། དགོན་སྡེ། གཡུས་སྒོ་སོ་སོ་ཚུ་ནང་ཆོས་སྐྱོང་སྲུང་མ་དང་གནས་ཀྱི་བདག་པོ་ཚུ་ལས་ལུ་སྐུལ་ཏེ་དཀོན་མཆོག་ལུ་མཆོད་པ་ཕུལ་ནི་དང་རྒྱལ་བློན་འབངས་འཁོར་ཐམས་ཅད་དགའ་སྐྱིད་དང་བདེ་སྐྱིད་གནས་ཐབས་ལུ་དང་། ནད་མུག་འཁྲུགས་རྩོད་ཀྱི་བར་ཆད་ཞི་ནི་དོན་ལུ་ལོ་བསྟར་གསོལ་མཆོད་ཚུ་ཕུལ་ཏེ་དུས་མཆོད་འབུམ་སྡེ་བཟུང་སྲོལ་ཡོད་དོ་བཟུམ་སྦེ། སྤྱི་ཏོག་ཁའི་དགོན་པ་འདི་ནང་ཡང་སྔར་ལས་བཟུང་སྲོལ་ཡོད་པའི་འབུམ་སྡེ་ཚུ་ད་ལྟོའི་བར་ན་ཡང་ཉིན་གཅིག་ཡང་མ་ཆད་པར་བཟུང་སྲོལ་ཡོདཔ་ཨིན། སྤྱིར་དུས་རྒྱུན་ཟླ་བ་རེ་ རེའི་ཡར་ངོ་ཚེས་བཅུ་དང་། མར་ངོ་ཉེར་ལྔའི་སྐབས་གཏེར་སྟོན་པདྨ་གླིང་པའི་ཐུགས་སྒྲུབ་བླ་མ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་གི་ཚོགས་འཁོར་གཏང་སྲོལ་ཡོད་པའི་ཁར། ལྷག་པར་དུ་དགོན་པ་འདི་ནང་རྗེ་བླ་མ་བསྟན་འཛིན་ལེགས་པའི་དོན་གྲུབ་ཁོ་རང་དབྱར་གྱི་སྐབས་སུ་གདན་ས་སྒང་སྟེང་གསང་སྔགས་ཆོས་གླིང་དགོན་པ་འདི་ནང་གི་འབུམ་སྡེའི་རིགས་ཚུ་ཡོངས་སུ་རྫོགས་པ་སྦེ་གནང་ཚར་ཞིནམ་ལས། རང་ཟླ་ ༩ པའི་ཚེས་ ༢༤ ལུ་བཀྲིན་གཏང་རག་ལེགས་པར་ཕུལ་ཏེ། སྲུང་འཁོརཔ་དང་སྐུ་གཉེར་བསྐང་རྒྱུན་པ་ཁང་གཉེར་བཅས་བཞི་མ་གཏོགས་བླ་མ་ཁོ་རང་དང་རྡོ་རྗེ་སློབ་དཔོན་དེ་ལས་སྒོམ་ཆེན་མང་ཤོས་ཅིག་དགུན་གྱི་བཞུགས་གནས་སྤྱི་ཏོག་ཁ་ལུ་བྱོན་ཞིནམ་ལས། ཟླ་བ་ ༡༠ པའི་ཚེས་ ༡༤ ལུ་དགོན་པ་འདི་ནང་མགོན་པོ་སྡེ་བརྒྱད་ཀྱི་མངོན་རྟོགས་ཚུ་ཕུལཝ་ཨིན། བླ་སློབ་ཚུ་གསོལ་ཐབ་ལུ་ཕེབས་པའི་དུས་དང་བསྟུན་སྒང་ སྟེང་དགོན་པ་ལུ་སྡོད་མིའི་མི་སེར་ཚུ་ཡང་དགུན་ལུ་གཞིས་སྤོ་སྟེ་སྤྱི་ཏོག་ཁ་ལུ་འོངམ་ཨིནམ་པས། དེ་ལས་རང་ཟླ་ ༡༡ པའི་ཚེས་ ༢༣ དང་ ༢༤ ལུ་ བཅའ་སྒྲིག་ཚུ་རྐྱབ་ཞིནམ་ལས་ ༢༥ ལས་ ༢༩ ཚུན་དགུན་གྱི་ཉི་ལོག་གནམ་ལོ་གསརཔ་ཚེས་པའི་དུས་ཚོད་བཟང་པོ་དང་བསྟུན། བསྟན་སྤྱིའི་སྐུ་རིམ་རྒྱལ་བའི་བསྟན་འགྱུར་རིན་པོ་ཆེ་དག་ཚར་དང་། ཚེས་ ༣༠ ལུ་རྒྱབ་ཆོས་མགོན་པོ་སྡེ་བརྒྱད་ཀྱི་ཚོགས་འཁོར་དང་བཅས་གནང་དོ་ཡོདཔ་ཨིན་པས། དེ་ཚར་བའི་ཤུལ་ལུ་སྒོམ་ཆེན་ཚུ་ཚར་གཅིག་ངལ་གསོ་ལུ་བཏངམ་ཨིན་རུང་། ཟླ་ ༡༢ པའི་ཚེས་ ༢༤ ལུ་ལོག་འཛོམས་ཏེ་ ༢༥ ལས་འཇམ་དཔལ་གཤིན་རྗེ་གཤེད་པོ་གཏང་ནི་བཅའ་སྒྲིག་ཚུ་རྒྱས་ཤིང་རྒྱསཔ་སྦེ་རྐྱབ་པའི་ཤུལ་ལས་ ༢༧ ལས་ ༢༩ ལུ་འཇམ་དཔལ་གཤིན་རྗེའི་གསུང་ཆོག་གནང་སྟེ་ཚེས་ ༣༠ ལུ་གཡུས་འདི་ནང་གི་ལོ་གཅིག་གི་སྐུ་རིམ་སྦེ་དམངས་ཀྱི་དཀོན་མཆོག་ཟེར་གཡུས་འདི་ནང་སྡོད་མི་མི་སེར་ཚུ་གིས་གསོལཝ་དང་གསོལ་ཇ་ཚུ་བཟོ་འབག་འོང་ཞིནམ་ལས་ཆོ་གཔ་ཚུ་ལུ་དྲངས་ཏེ་ཉིནམ་གཅིག་གི་རིང་དཀོན་མཆོག་མཆོད་ནི་ཡོདཔ་ཨིན། དེ་ལས་རང་ཟླ་ ༡ པའི་ཚེས་ ༡༤ ལས་ ༡༦ ཚུན་སྨྱུང་གནས་ཆ་གཅིག་འཚོགས་དོ་ཡོདཔ་དང་། རང་ ཟླ་ ༢ པའི་ཚེས་ ༡༠ ལུ་ཚེས་བཅུ་བཟུང་སྟེ་ ཚེས་ ༡༤ ལུ་ཆོས་སྲུང་གཏང་རག་ཕུལ་ཞིནམ་ལས་ ལོག་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་བྱོན་གནང་དོ་ཡོདཔ་ཨིན་པས། དེ་གིས་མ་ཚད་པར་དབྱར་གྱི་སྐབས་སུ་ཡང་ཟླ་ ༤ པའི་ ཚེས་ ༡༥ ལུ་དུས་ཆེན་ལྔ་འཛོམས་དང་། ལྔ་པ་ལུ་སྤྲེལ་ཟླ་ཚེས་བཅུ། ཟླ་བ་ ༦ པ་ལུ་དྲུག་པ་ཚེས་བཞི། དགུ་པའི་ ནང་ལྷ་བབས་དུས་ཆེན་ཚུ་ཡང་ལོ་བསྟར་བཞིན་བཟུང་སྲོལ་ཡོདཔ་ཨིན་པས།
༧༽ ནང་རྟེན་གྱི་སྐོར།
དགོན་པ་འདི་ནང་གདུལ་བྱ་བསོད་ནམས་ཅན་དང་དད་པ་ཅན་རྣམས་ཕྱག་དང་མཆོད་པ་ཕུལ་སའི་ནང་རྟེན་གཙོ་བོ་རྒྱུ་སྨན་འཇིམ་ལས་གྲུབ་པའི་གུ་རུའི་སྐུ་བརྙན་གཅིག་དང། གུ་རུ་མཚན་བརྒྱད། སྒང་སྤྲུལ་སྐུ་ཕྲེང་གཉིས་པ་མཆོག་གིས་ལྷ་ཁང་གི་འགྱམ་རྡོ་གུར་བཞག་གནང་མི་ཞབས་རྗེས། དེ་ལས་རྒྱུ་ཙན་དན་དམརཔོ་ལས་གྲུབ་པའི་སྒང་སྤྲུལ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་བྱེད་ཀྱི་ཕྱག་བཟོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་ཨིན། ཉེ་བའི་སྲས་ཆེན་བརྒྱད་ཆ་ཚང་། ༧ཞིང་གཤེགས་དམ་པ་སྐྱབས་རྗེ་རྗེ་མཁན་ཁྲི་རབས་བཅུ་དྲུག་པ་ཤེས་རབ་སེང་གེ་མཆོག་གིས་བཞེངས་གནང་མི་རྒྱལ་བའི་གསུང་རབ་བསྟན་འགྱུར་ཆེན་མོ་དང་། དེ་ལས་བཀའ་འགྱུར་ཡང་ཆ་ཚང་བཞུགས་ཡོདཔ་མ་ཚད། གཙང་ཁང་ནང་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཚུ་བྱིན་རླབས་ཆེ་ཏོག་ཏོ་སྦེ་ང་བཅས་ཚུ་གི་མཆོད་པའི་ཡུལ་དང་དད་པའི་ཕྱག་རྟེན་སྦེ་བཞུགས་ཡོདཔ་ཨིན་ནོ།། །།