Select Page

ལྟ་ཕུག་ཐེག་མཆོག་ཆོས་གླིང་

༈ ལྟ་ཕུག་གཡུས་ཀྱི་རྒྱབ་ཁུངས་ལོ་རྒྱུས།

ལྟ་ཕུག་ཐེག་མཆོག་ཆོས་གླིང་གཞི་རིམ་བཤད་གྲྭ་འདི། དབང་འདུས་རྫོང་ཁག །ཕོབ་སྦྱིས་རྒེད་འོག་གི་ནང་ལུ། སྒང་སྟེང་དགོན་པ་ལས་ཕར་སྤྱིར་བཏང་གཞུང་ལམ་བརྒྱུད་དེ་ཀི་ལོ་ཊར་ ༡༥ དེ་ཅིག་འགྱོཝ་ད་ལྷོད་ཚུགས།   “ལྟ་ཕུག” གི་གཡུས་ཚན་འདི། ཁ་རྒྱུན་ལས་འབད་བ་ཅིན་ཧེ་མ་རིག་འཛིན་པདྨ་གླིང་པ་བསྟན་འགྲོའི་དོན་ལུ་དབང་བསྐུར་རེ་གནང་བ་བྱོན་པའི་སྐབས། རིག་འཛིན་ཆེན་པོ་གིས་ ལྟ་བ་ ལས་ཨིན་མི་བུམོ་རིག་འཛིན་དབང་མོ་དང་སྟངས་སི་སྦྱིས་ལས་བུ་འཕྲིན་ལས་དབང་པོ་གཉིས་རིགས་དང་རུས་བཟངམ་ལས་ཁོང་གཉིས་གཅིག་ཁར་གཉེན་སྒྲིག་འབད་ཞིནམ་ད་ཁྱིམ་ཅིག་བཟོ་བཞག་མི་འདི་ད་རེས་ལྷ་ཁང་འདིའི་འོག་ལུ་ཡོད་མི་འདི་ཨིནམ་ད། གཡུས་ཚན་འདི་ནང་ལུ་ཁྱིམ་འགོ་ཐོག་ཨིནམ་སྦེ་བཤདཔ་མས།  དེའི་ཤུལ་ལས་འབྲུག་སྨྱོན་ཀུན་དགའ་ལེགས་པ་བྱོན་པའི་བྱོན་ལམ་རུས་སྦིས་གདིང་ཟེར་ས་ལས་ཁྱིམ་འདི་ཁར་གཟིགས་མི་ལས་  “ལྟ་བ་” ཟེར་བའི་གཡུས་ཚན་འདི་གི་མིང་དེ་བསྒང་ལས་དར་ཁྱབ་སོང་ནུག །དེ་ལས་ཡར་བྱོན་པའི་ལམ་ཁར་ཞབས་རྗེས་དང་བཞུགས་ཁྲི་ཅིག་ཡང་འདུག །དེ་ལས་འགྲོ་མགོན་ཀུན་དགའ་ལེགས་པ་མཆོག་རིག་འཛིན་དབང་མོའིཁྱིམ་ནང་ལུ་ཕེབས་ཞིནམ་ལས་ ཨམ་འདི་ལུ་ཁྱོད་ཀྱི་ཁྱིམ་འདི་ལྟ་ཡི་ལྟ་ཡི་རང་ཕུ་ལུ་ཨིན་མས་ “ལྟ་ཕུག་” ཟེར་སླབ་སྨ་རེད་ཟེར་གསུངསམ་ཞིནམ་ལས་བཟུང་ལྟ་ཕུག་ཟེར་དར་ཁྱབ་འགྱོ་བའི་ལོ་རྒྱུས་བཤད་ནི་འདུག །དེ་འབདཝ་ལས་ལྟ་ཕུ་གི་གཡུས་ཚན་འདི་གཏེར་སྟོན་པདྨ་གླིང་པ་དང་འབྲུག་སྨྱོན་ཀུན་དགའ་ལེགས་པ་ལ་སོགས་པ་སྐྱེས་ཆེན་དམ་ཚུ་གིས་ཞབས་ཀྱིས་བཅགས་གནང་བའི་ས་གནས་ཁྱད་པར་ཅན་ཅིག་ཨིན།

དེ་ལས་རིམ་པ་བཞིན་དུ་གཡུས་ཚན་ཆགས་ཏེ་དུས་རབས་ ༡༩ པའི་ནང་ལུ་དབང་རྫོང་པའི་ཁྱལཔ་ཚུ་མང་ཆེ་ཤོས་ཅིག་གཡུས་ཚན་འདི་ནང་ལས་ཨིན་མས། དེ་བཟུམ་སྦེ་སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་འབྱེད་༼༡༨༦༨-༡༩༠༠༽ཀྱི་གཞིས་ལྟ་ཕུག་ལུ་ཡོད་མི་ཚུ་སྤྱོད་མི་སྦེ་སྒང་སྟེང་ལས་གྲྭཔ་དག་པ་ཅིག་བཏང་མི་ལས་ཁོང་ཚུ་ཡང་དེ་ཁར་གཞིས་ཆགས་ཏེ་ལུས་སོང་ནུག །དེ་བསྒང་གཟིག་གཟིགས་དང་ཤོ་བ། ཤར་སྤང་ཁ་དང་རི་བར་ནང་། ཀ་གཞིས་ར་བ་དང་སྒོར་དགོན་ནང་། དེ་བཟུམ་སྦེ་ཀློང་སྟོད་ཀློང་སྨད་ཚུ་ནང་ལུ་ཡང་སྒང་སྟེང་བླ་མའི་གྲྭཔ་ལེ་ཤ་ཡོད་དོ་ཡོདཔ་ཨིན་མས། སྲས་ཕུག་གི་གྲྭཔ་ཚུ་གིས་སྒང་སྟེང་བླམ་ལུ་ཀློང་སྟོད་དང་སྨད་ཀྱི་སབྱིན་བདག་བགོ་བཤའ་རྐྱབ་དགོ་པས་ཟེར་ཞུ་སྟེ། ཁོང་གིས་སྒང་སྟེང་བླམ་ལུ། “ཀློང་སྟོད་དགའན་ཀློང་སྨད་བཞེས། ཀློང་སྨད་དགའན་ཀློང་སྨད་རང་བཞེས།” ཟེར་ཀློང་སྨད་ཀྱི་ས་ཆ་ཕུལ་ཡོད་པའི་དགོད་བྲོ་བའི་གཏམ་རྒྱུད་ཚུ་དེ་སྐབས་བྱུང་ནུག །
དེ་ཅིག་གི་བར་ན་སྒང་སྟེང་བླམ་ཞིང་ཕེབས་སོངམ་ལས། བླ་མའི་ཚོང་དཔོན་དབང་ཕྱུག་ཟེར་མི་འདི་གིས་ གྲྭཔ་ཚུ་ལུ་ཚྭ་པོ་ཏོག་གང་གང་༼དེ་བསྒང་ཚྭ་བོད་ཕག་རི་ལས་བཏོན་དགོཔ་ལས་རིན་ཐང་ཅན་ཅིག་ཨིནམ་འོང་ནི་མས།༽རྐྱབ་ཞིནམ་ལས་བསྟན་པའི་ཉིན་འབྱེད་ཀྱི་སྐུ་མཆོད་བཟུང་དགོཔ་སྦེ་སླབ་སྟེ་གྲྭཔ་དགུང་པ་ ༡༡ དེ་ཅིག་གིས་ལོ་བསྟར་རང་ཟླ་ ༡༢ པའི་ཚེས་ ༡༣ ལུ་འདས་མཆོད་བཟུང་སྟེ་སྡོད་ནུག །

དུས་ཚོད་འདི་ནང་ལྟ་ཕུག་ལུ་ “འབངས་མེད་རུང་དཔོན་གྱི་ཁྱལཔ་དགའ། །ཆོས་མེད་རུང་བླ་མའི་གྲྭཔ་དགའ། །” ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་དབང་རྫོང་པའི་འོག་ལུ་ཡོད་མི་ཁྱལཔ་དང་། སྒང་སྟེང་བླ་མའི་འོག་ལུ་ཡོད་མི་བླ་མའི་གྲྭཔ་ཁག་གཉིས་སྦེ་ཡོད་ས་ལས། གོང་ས་འཇིགས་མེད་དབང་ཕྱུག་གི་ཕྱག་ཞུ་མི་འབོད་ལེགས་པའི་སྐུ་ཞོགས་ཚེ་རིང་དཔལ་འབྱོར་ཟེར་མི་འདི་སྤ་རོ་དཔོན་སློབ་བསྐོས་ཞིནམ་ལས་ཁོ་གི་དྲུང་འཚོ་སྦེ་སྒང་སྟེང་ལས་ཨིན་མི་ཀུན་ལེགས་རྒྱལ་མཚན་ཟེར་མི་འདི་སྡོད་ནུག །དྲུང་འཚོ་ཀུན་ལེགས་རྒྱལ་མཚན་འདི་སྐུ་ཞོགས་ཀྱི་སྐུ་མདུན་ལས་དགོངསམ་ཞུ་ཞིནམ་ལས་སྒོར་དགོན་ནང་བཞུགསཔ་ད། ལྟ་ཕུག་ལས་ཨིན་མི་བླ་མའི་གྲྭཔ་ཨ་རྒས་དཔའ་བོ་ཤར་འཛོམས་ཟེར་མི་འདི་ལུ། “ང་བཅས་ལྟ་ཕུག་ལུ་གྲྭཔ་ལེ་ཤ་ཡོད། ལྷ་ཁང་ཅིག་བཞེངས་དགོ་ནི་མས། ཡང་ན་མཆོད་རྟེན་སྦོམ་ཅིག་བཞེངས་དགོ་ནི་མས།” ཟེར་སླབ་ད་ཨ་རྒས་འདི་གིས་ ལྷ་ཁང་ཅིག་བཞེངས་ནི་ཡོདཔ་ཅི་ཟེར་བསམ་འཆར་བཏོནམ་བཞིན་དུ་ལྷ་ཁང་བཞེངས་ནི་སྦེ་གྲོས་འཆམས་ནུག །དེ་ལས་རྩིསཔ་མཐོང་ལེགས་ཟེར་མི་འདི་གིས་ས་ཆ་བརྟག་དཔྱད་འབདཝ་ད་ ས་ཆ་གཞན་ཁག་གསུམ་དེ་ཅིག་ལྟ་རུང་ལེགས་ཤོམ་མ་བྱུང་པར་མཐའ་མར་ད་ལྟོ་ཡོད་སའི་ས་ཁོངས་ནང་ལུ་ལེགས་ཤོམ་བྱུང་སྟེ་ལྷ་ཁང་བཞེངས་ནིའི་ཐག་བཅད་ནུག །ཨིན་རུང་ལྷ་ཁང་གི་ས་ཆ་འདི་ཁྱལཔ་ཚུ་གི་འབདཝ་ལས་དྲུང་འཚོ་ཀུན་ལེགས་ཀྱིས་སའི་རིན་བཟུམ་ཅིག་སྦེ་སྟོན་པའི་སྐུ་རེ་གནང་ཞིནམ་ལས་ས་ཆ་ལེན་ཏེ། དྲུང་འཚོ་ཁོ་རང་གིས་སྦྱིན་བདག་འབད། ཨ་རྒས་དཔའ་བོ་གིས་ལཱ་གི་འགོ་འདྲེན་ཐོག་ལུ་ལྟ་ཕུག་སྤྱི་འོག་ནང་ལུ་ཡོད་མི་དགུང་པ་ ༡༡ དེ་ཅིག་གིས་སྦེ་སྤྱི་ལོ་  ༡༩༣༨ ལས་བཟུང་འགོ་བཙུགས་ཏེ་ ༡༩༤༡ ལུ་ཕྱི་ནང་རྟེན་དང་བརྟེན་པ་དང་བཅས་པ་སྦེ་བཞེངས་ཚར་ནུག །དགོན་པ་འདི་བཞེངས་ཏེ་དུས་ཅི་སྤྱི་ལོ་ ༢༠༢༡ ལུ་མི་ལོ་བརྒྱད་ཅུ་དེ་ཅིག་སོང་ནུག །དེ་ལས་འགོ་དང་པ་རང་བསྟན་པའི་ཉི་མའི་སྐུ་མཆོད་དང་། དེ་ལས་པད་གླིང་གཏེར་བྱོན་ཐུགས་ཆེན་མུན་སེལ་སྒྲོན་མེའི་མ་ཎི་ཟེར་མ་ཎི་དུང་སྒྲུབ་ཚུ་བཙུགས་ནུག །

༈ སྐུ་གསུང་ཐུག་རྟེན་གྱི་སྐོར།

སྐུ་རྟེན་འདི་ཡང་། གཙོ་བོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཨིན་མས། དུས་ཚོད་དེ་སྐབས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བཞེངས་ནི་དེ་དར་ཁྱབ་ཆེ་དྲག་སྦེ་ཡོདཔ་འོང་ནི་ཨིན་མས། སྐུ་བཞེངས་མི་འཇིམ་བཟོཔ་འདི་གི་མི་ཚེ་ནང་ལུ་སྐུ་རྟེན་བཞེངས་ནི་མཐའ་མ་བཟུམ་ཅིག་ཨིན་པའི་ལོ་རྒྱུས་འདུག །དེ་ཡང་འཇིམ་བཟོཔ་འདི་གིས་ཁོ་གི་མི་ཚེ་ཅིག་ནང་ལུ་སྐུ་བཞེངས་ནིའི་མཇུག་ཨིན། ང་མི་ཚེ་ཅིག་སྐུ་བཞེངས་པའི་དགེ་བ་འདི་གིས་ཚེ་ཕྱི་མ་མཐོ་རིས་ལུ་འགྱོ་བ་ཅིན་ང་གིས་བཞེངས་བཞག་མིའི་ཐིག་ཚད་ལས་སྐུ་གཟུགས་ཡར་རིང་བཅུག །དམྱལ་བ་ནང་འགྱོ་བ་ཅིན་ཐིག་ཚད་འདི་ལས་སྐུ་གཟུགས་མར་ཐུང་བཅུག་ཟེར་སྨོན་ལམ་བཏབ་ནུག །སྨོན་ལམ་བཏབ་དོ་བཟུམ་སྦེ་ཤུལ་ལས་རབ་གནས་ཀྱི་སྐབས་སུ་ཐིག་ཚད་ལས་མཐོ་གང་དེ་ཅིག་རིངམོ་ཡར་སོང་བའི་ལོ་རྒྱུས་འདུག ། དེ་ལས་གསུང་རྟེན་འདི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལ་སོགས་པ་དང་། ལྡེབས་རིས་གུ་རུ་མཚན་བརྒྱད་དང་བྱང་ཆུབ་ལྟུང་བཤགས་ཚུ་བཞུགས་ནུག ། དེ་ལས་རྒྱུ་ཙན་དན་ལས་གྲུབ་པའི་དགོན་པོའི་ཆོས་སྲུང་མགོན་པོ་ལྕམ་དྲལ་གསུམ་ཨིན་མས།  སྐུ་རྟེན་སྒྲོལམ་ཉི་ཤུ་རྩ་གཅིག་ཡོད་མའི་གྲས་ལས་ རྗེ་བཙུན་སྒྲོལ་མའི་སྐུ་ཡི་ཕངས་མར་ཨ་ལོ་ཆུང་ཀུ་ཅིག་བསྣམས་ཏེ་བཞུགས་མི་སྐུ་འདི། ཨམ་སྲུ་ཨ་ལུ་མ་སྐྱེས་མི་ཨ་ལུའི་དངོས་གྲུབ་ཞུ་ས་དང་། ཨ་ལུ་སྐྱེས་ཏེ་འབད་རུང་བུ་མ་སྐྱེས་མི་ཚུ་གིས་བུའི་དངོས་གྲུབ་ཞུ་ས་ཨིནམ་ལས་ད་རེས་ནངས་པའི་བར་ན་ཡང་བུའི་དངོས་གྲུབ་ཞུ་་མི་འཐོན་དོ་ཡོདཔ་ཨིན་ས།
ལྷ་ཁང་བཞེངས་པའི་སྐབས་ལྕགས་ཤོག་ཟེར་རུང་ དེ་བསྒང་གྲྭཔ་ཚུ་ལས་ཤིང་ལེབ་བགོ་བཀྲམ་སྦེ་བསྡུས་ཞིནམ་ལས་ཤིང་ལེབ་བཀབ་སྟེ་ཡོདཔ་ལས་འཕྲལ་འཕྲལ་རང་ཉམས་གསོ་ཞུ་དགོཔ་འཐོནམ་མ་ཚད། ས་ཡོམ་གྱིས་སྦེ་ཉམས་ཆག་སོང་ཡོདཔ་ལས་ཤིང་ཆས་ཚུ་ཡང་སོར་དགོཔ་འཐོན་ནུག །
ལྟ་ཕུག་དགོན་པ་ལས་ཁ་གྱེན་ལྟ་འདི་དུས་ཡུན་ཆུ་ཚོད་ ༢ དེ་ཅིག་རྐང་ཐང་སྦེ་འགྱོཝ་ད་བྱག་གཅིག་ནང་གྲུབ་ཆེན་གཞི་དར་གྱི་མཚམས་བཅད་གནང་སའི་བྱག་ཕུག་རྡོ་སྐོར་བསྐོར་སྦེ་ཡོད་མི་ཅིག་མཇལ་ཚུགས་པས།  དེ་བཟུམ་སྦེ་ལྟ་ཕུག་དགོན་པ་ལས་གཡོན་ཁ་ཐུག་ལུ་རྐང་ཐང་སྦེ་དུས་ཡུན་སྐར་མ་ ༡༥ དེ་ཅིག་འགྱོཝ་ད་ལུག་ཆུ་དགོན་པ་ཟེར་མི་འདི་ཡོདཔ་ཨིན།

༈ གཞི་རིམ་བཤད་གྲྭ་གཞི་བཙུགས་མཛད་པ་དང་དེ་དང་འབྲེལ་བའི་ལས་སྣའི་སྐོར།

ལྟ་ཕུག་དགོན་པ་འདི་ལྟ་ཕུག་གི་མི་སེར་ཚུ་གིས་བདག་འཛིན་འབད་སྡོད་པའི་ཤུལ་ལུ་རིན་པོ་ཆེ་མཆོག་ལུ་རྩིས་ཕུལ་ཏེ། རིན་པོ་ཆེའི་ཞབས་ལས་སྤྱི་ལོ་ ༢༠༡༢ ལུ་ཡང་མ་རིན་པོ་ཆེའི་ཡང་སྲིད་སྤྲུལ་སྐུ་སངས་རྒྱས་འཆི་མེད་རིན་ཆེན་མཆོག་དགོན་པའི་བླ་ཚབ་སྦེ་བདག་རྐྱེན་གནང་ཞིནམ་ལས། འགོ་ཐོག་སློབ་གཉེར་བ་གྲངས་ ༨ དེ་ཅིག་གསར་བཙུགས་འབད་དེ་དགོན་པའི་མཚན་ཡང་ཐེག་མཆོག་ཆོས་གླིང་ཟེར་གི་རིམ་བཤད་གྲྭ་འགོ་འབྱེད་གནང་ནུག །  ༸སྐྱབས་རྗེ་རིན་པོ་ཆེའི་བཀའ་ལས། “ལྟ་ཕུག་ལྷ་ཁང་འདི་ཆུང་རང་ཆུང་མས། ཉམས་གསོ་ཞུ་སྟེ་ཨ་ཙི་རྒྱ་སྐྱེད་བཏང་ཚུགས་པ་ཅིན་ལེགས་ཤོམ་འདུག །” ཟེར་བཀའ་གནང་རུང་གཞུང་ལས་གནང་བ་མ་ཐོབ་ལས། ལྷ་ཁང་རྙིངམ་འདི་གི་སྦོ་ལོགས་ཁར་ཚོགས་ཁང་གསརཔ་འདི་བཞེངས་ནི་འགོ་བཙུགས་ནུག །ཚོགས་ཁང་གསརཔ་བཞེངས་དགོ་མི་འདི་ཡང་། ལྷ་ཁང་རྙིང་པ་འདི་ནང་ལུ་བླམ་ཆོསཔ་ ༡༥ དེ་ཅིག་ལས་བརྒལ་མི་ཤོང་དོ་ཡོདཔ་ལས། དུས་མཆོད་འབུམ་སྡེ་དང་། ལྷག་པར་དུ་མ་ཎི་དང་ཞིང་སྒྲུབ་ཚུ་འཚོགས་པའི་སྐབས་མ་ཎིཔ་དང་ཆོས་ཞུ་མི་ཚུ་མ་ཤོང་པའི་དཀའ་ངལ་ལུ་བརྟེན་ཏེ་བཞེངས་དགོཔ་སྦེ་མི་སེར་དམངས་ཀྱི་ཁ་ཐུག་ལས་ཡང་ལོག་ཅི་རང་གྲོས་གཞི་བྱུང་མི་ལུ་བརྟེན་ཏེ་ཨིན་མས།
ཚོགས་ཁང་གསརཔ་འདི་གི་ཤིང་ཆས་དང་ཅ་ཆས་ལ་སོགས་པ་ཚུ་སྦྱིན་བདག་ཟེར་རུང་ སྤྲུལ་སྐུ་རིན་པོ་ཆེས་གཙོས་པའི་ལྷ་ཁང་ཚོགས་པ་མི་གྲངས་ ༡༢ དེ་ཅིག་གིས་འགོ་འདྲེན་ཐོག་ལུ་ལྟ་ཕུག་གཡུས་ཚན་གྱིས་གཙོས་ཕོ་སྦྱིས་རྒེད་འོག་གཅིག་གི་མི་སེར་ཚུ་གིས་ལྷག་བསམ་རྣམ་དག་གི་ཞབས་ཏོག་ཐོག་ལས་བཞེངས་ནུག །ལྕགས་ཤོས་འདི་ སྒང་སྟེང་ཟ་ཁང་གི་ཐབ་དཔོན་ཨམ་ soya ཨམ་སོ་ཡཱ་གིས་སྦྱིན་བདག་མཛད་གནང་་ནུག །སྐུ་རྟེན་ཡང་། ཚོགས་ཁང་གི་ནང་རྟེན་གཙོ་བོ་གུ་རུ་སྣང་སྲིད་གཟིལ་གནོན་གཙོ་འཁོར་གསུམ་དང་། གཡས་ཁ་ཐུག་ལུ་པདྨ་གླིང་པ་། གཡོན་ཁ་ཐུག་སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་འབྱེད་ཀྱི་སྐུ་འདྲ་བཞེངས་ནིའི་ལས་འཆར་འདུག །
དེ་ལས་སྤྱི་ལོ་ ༢༠༡༥ ལུ་ཨམ་ soya སོ་ཡཱ་གིས་སྦྱིན་བདག་མཛད་ཐོག་ལས་ མགྱོན་ཁྱིམ་ ཆུང་ཀུ་ཅིག་ཡང་བཟོ་གནང་ནུག །མགྱོན་ཁྱིམ་གྱི་ལྟག་ལུ་ཡོད་མི་རིན་པོ་ཆེའི་གཟིམ་ཅུང་འདི། སྤྱི་ལོ་ ༢༠༢༠ ལུ་བཞེངས་ཡོདཔ་ད། དེ་ཡང་ཤིང་ཆས་དང་ཅ་ཆས་ཚུ་ག་ར་ཚོགས་ཁང་གི་ཅ་ཆས་ཐེབས་འཐོན་མི་ལས་མི་སེར་ཚུ་གིས་ཞབས་ཏོག་སྦེ་བཞེངས། གཟིམ་ཅུང་གི་ལྕགས་ཤོས་སྦྱིན་བདག་དེ་ལྟ་བ་ལྡིང་གི་ཚོང་དཔོན་ཨམ་སྐུམ་བུ་གིས་ཞབས་ཏོག་ཞུས་ནུག །ད་ལྟོ་གསར་བསྐྲུན་འབད་བའི་བསྒང་ཨིན་མི་གྲྭ་ཤག་འདི། རྒེད་འོག་གི་ཁ་ཐུག་ལས་མ་དངུལ་རྒྱབ་སྐྱོར་ཐོག་མི་སྡེ་ཁག་འབགཔ་གིས་བཞེངས་པའི་བསྒང་འདུག །གྲྭ་ཤག་གསརཔ་འདི་ནང་ལུ་ཁང་མིག་ ༡༡ ཡོདཔ་ད། ཟུར་གཉིས་ནང་ལུ་སློབ་དཔོན་གྱི་བཞུགས་ཁང་། དེ་ལས་སློབ་ཕྲུག་ ༣༥ དེ་ཅིག་ཤོང་ཚུགས་ནི་མས། ད་རེས་དགོན་པའི་ནང་ལུ་སྤྲུལ་སྐུ་རིན་པོ་ཆེ་དང་། སློབ་དཔོན་གསུམ། སློབ་གཉེར་འབད་མི་སློབ་ཕྲུག་གྲངས་ ༢༠ དེ་ཅིག་འདུག །

༈ ལྟ་ཕུག་སྤྲུལ་སྐུའི་རྟོགས་བརྗོད་མདོར་བསྡུས།

སྤྱི་ལོ་ ༢༠༡༡ ལས་བཟུང་ད་ལྟོའི་བར་ན་ལྟ་ཕུག་དགོན་པའི་ཕྱི་ནང་གསང་གསུམ་གྱི་འཛིན་སྐྱོང་གནང་མི་ཡོངས་གྲགས་ལུ་ལྟ་ཕུག་སྤྲུལ་སྐུ་ཟེར་ཞུ་མི་འདི། ཡངས་མ་རིན་པོ་ཆེ་ཀུན་བཟང་འགྱུར་མེད་ཟེར་ཞུ་མི་གི་ཡང་སྲིད་ཨིན་མས། བླམ་ཡངས་མ་རིན་པོ་ཆེ་འདི་སྤྱི་ལོ་ ༡༨༩༣ ལོ་ལུ་ཀུར་སྟོད་མཁོ་མོའི་ནང་གསེས་བབ་སྟོང་རྩ་ལི་མ་ཟེར་ས་ལུ་སྐུ་འཁྲུངས་ནུག །བོད་ལུ་བྱོན་ཏེ་ཀློང་ཆེན་སྙིང་ཐིག་གི་བླམ་མཁན་ཆེན་ཀུན་བཟང་རྒྱ་མཚོ་ལ་སོགས་པ་ལས་དབང་ལུང་ཁྲིད་གསུམ་ལ་སོགས་པ་གསན། སྒོམ་ཉམས་ལེན་མཛད་དེ་རྟོགས་པ་མཐར་ཕྱིན་པའི་སྒྲུབ་པ་སྣ་རེ་ལུ་གྲུབ་རྟགས་སྣ་རེ་མངོན་སུམ་སྦེ་སྟོན་ཚུགས་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་ཅིག་ཨིན་མས། གདན་ས་གཙོ་བོ་ཡངས་མ་རི་ཁྲོད་བསམ་གཏན་ཆོས་གླིང་ལུ་བཅགས་ཏེ་འགྲོ་དོན་མཐར་ཕྱིན་ཏེ་སྤྱི་ལོ་ ༡༩༨༣ དགོངས་པ་རྫོགས་སོང་ནུག །

དེ་ལས་ཡངས་མ་རིན་པོ་ཆེའི་ཡང་སྲིད་ལྟ་ཕུག་སྤྲུལ་སྐུ་སངས་རྒྱས་འཆི་མེད་རིན་ཆེན་མཆོག་བུམ་ཐང་སྐུ་རྗེ་ལུ་སྦེ་སྤྱི་ལོ་ ༡༩༨༥ ལུ་སྐུ་འཁྲུངས། དགུང་ལོ་ ༡༣ བཞེསཔ་ད་བྱ་བྲལ་རིན་པོ་ཆེ་གིས་ངོས་འཛིན་མཛད་ནུག །དེ་ལས་སྤྱི་ལོ་༢༠༠༠ ལུ་སྒང་སྟེང་མཐོ་རིམ་བཤད་གྲྭ་ནང་ཞུགས་ཏེ་ ༢༠༡༡ ལུ་གསན་བསམ་མཐར་ཕྱིན། གསན་བསམ་དང་འབྲེལ་སྔོན་འགྲོ་ལ་སོགས་པ་ཕྱི་མཚམས་ཐེངས་ལེ་ཤ་ཅིག་རང་བཅད་གནང་བའི་ཁར་ ༢༠༡༢ ལས་སྒྲུབ་སྡེ་སྒང་སྟེང་ཀུན་བཟང་ཆོས་གླིང་ལུ་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་ལུ་བཞུགས་ཏེ་ ༢༠༡༤ གྲོལ་གནང་། སྤྱི་ལོ་ ༢༠༡༡ ལས་ལྟ་ཕུག་ཐེག་མཆོག་ཆོས་གླིང་གཞི་རིམ་བཤད་གྲྭའི་བླ་མའི་བདག་རྐྱེན་མཛད་ཞིནམ་ལས་ལོ་གསུམ་ཚར་བའི་ཤུལ་ལས་འཕྲོ་མཐུད་དེ་ད་ལྟོའི་བར་ན་དགོན་པའི་ཕྱི་ནང་གསང་གསུམ་གྱི་འཛིན་སྐྱོང་གནང་བཞིན་པ་ལགས་སོ། །

༄༅།  །ལྟ་ཕུག་ཐེག་མཆོག་ཆོས་གླིང་དགོན་པའི་ནང་ལུ་ལོ་གཅིག་གི་སྐུ་མཆོད་འབུམ་སྡེའི་སྐོར།
༡༽ རང་ཟླ་དང་པོའི་ཚེས་ ༣ ལུ་པད་གླིང་འདས་མཆོད།
༢༽ རང་ཟླ་དང་པོའི་ཚེས་ ༡༥ ལུ་བཀའ་འགྱུར་ཞལ་ཕྱེ་ནི།
༣༽ རང་ཟླ་ ༢ པའི་ཚེས་ ༡༠ ལུ་བླམ་ནོར་བུ་རྒྱ་མཚོའི་ཚོགས་བསྐོར།
༤༽ རང་ཟླ་ ༤ པའི་ཚེས་༡༥ ལས་ ༡༦ ཚུན་བདེ་ཆེན་ཞིང་སྒྲུབ།
༥༽ རང་ཟླ་ ༤ པའི་ཚེས་ ༢༩ ལུ་མི་ཕམ་འདས་མཆོད།
༦༽ རང་ཟླ་ ༥ པའི་ཚེས་ ༡༠ ལུ་སྤྲེལ་ཟླ་ཚེས་བཅུ།
༧༽ རང་ཟླ་ ༦ པའི་ཚེས་ ༤ ལུ་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན།
༨༽ རང་ཟླ ༧ པའི་ཚེས་ ༢༩ ལུ་སྨྱུང་གནས།
༩༽ རང་ཟླ ༩ པའི་ཚེས་ ༢༢ ལུ་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན།
༡༠ ༽ རང་ཟླ་ ༡༢ པའི་ཚེས་ ༡༣ ལུ་སྒང་སྤྲུལ་སྐུ་འཕྲེང་བདུན་པ་བསྟན་པའི་ཉིན་འབྱེད་ཀྱི་སྐུ་མཆོད།

ངག་འདྲི་ཞུ་ས།
ཡངས་མ་རིན་པོ་ཆེའི་ཡང་སྲིད་ལྟ་ཕུག་སྤྲུལ་སྐུ་རིན་པོ་ཆེ། 
77279395
ཨ་རྒས་རྡོ་རྗེ་ཕུར་པ། དགུང་ལོ་ ༧༧ ༼༢༠༢༡༽

དུས་ཅི་ལོའི་ལྟ་ཕུག་དགོན་པའི་སློབ་དཔོན།
སློབ་དཔོན་འཕྲིན་ལས་རྒྱ་མཚོ། ༼ཀྲོང་གསར་པ༽
17896631
སངས་རྒྱས་ལྷུན་གྲུབ། ༼ཁེངས་བྱོ་དཀར།༽17917011
དགེ་ལེགས་དབང་ཕྱུག 17967296 ༼མོང་སྒར་པ།༽