མིང་གཞན་ “སྲིནམོ་བཅད་ལྷ་ཁང་” ཟེར་ཡང་སླབ་མི་ལྷོ་གླིང་དགོན་པ་འདི། སྤ་རོ་རྫོང་ཁག །ཤར་པ་རྒེད་འོག་ནང་གི་ལྷ་ཁང་རྙིང་པའི་གྲས་ལས་གཅིག་ཨིན། དེ་ཡང་ཤར་པ་ཁྲོམ་ལས་ཡར་གདོང་དཀར་ལ་དང་སྨན་སྒྲུབ་དགོན་པ་ཁ་ཐུག་འགྱོ་སའི་ལམ་བདའ་སྟེ་ཀི་ལོ་མི་ཊར་ ༥ དེ་ཅིག་འགྱོཝ་ད་དགོན་པ་འདི་ནང་ལྷོད་ཚུགས་དོ་ཡོདཔ་ཨིན། ལྷོ་གླིང་འདི་ནང་ལས་ཤར་ཁ་ཐུག་གི་རི་ཁར་གྲུབ་ཐོབ་ཐང་ཐོང་རྒྱལ་པོའི་རྟ་མཆོག་ལྷ་ཁང་། ལྷོ་ཁ་ཐུག་ལུ་སྤང་སྦིས་ས་གཏེར་སྟོན་ཤེས་རབ་མེ་འབར་གྱི་གནས། ནུབ་ཁ་ཐུག་ཤར་པ་རྒེད་འོག །བྱང་ཁ་ཐུག་གདོང་དཀར་ལ་དང་སྨན་སྒྲུབ་དགོན་པ་ཚུ་མཇལ་ཚུགས་དོ་ཡོདཔ་ད། ས་གནས་འདི་ནང་ལུ་གནམ་དགུན་ཁ་བ་བབས་སའི་ས་ཁོངས་ཅིག་ཡང་ཨིན།
དགོན་པ་ཕྱག་བཏབ་གནང་བ་དང་རིན་པོ་ཆེ་ལུ་རྩིས་ཕུལ་གནང་བའི་ལོ་རྒྱུས།
ལྷོ་གླིང་འདི་ཧེ་མ་རིག་འཛིན་པདྨ་གླིང་པའི་སློབ་མ། སྤ་གྲོའི་བླམ་དྲུང་དྲུང་ཟེར་ཞུ་མི་གྲུབ་དབང་རིན་ཆེན་ཆོས་རྡོར་བླ་སློབ་ཚུ་གི་འགྲོ་དོན་བསྐྱང་སའི་གཡུས་ཚན་གཙོ་བོ་ཅིག་ཨིན་མས། ལྷོ་གླིང་སྲིནམོ་བཅད་ལྷ་ཁང་ཟེར་ཞུ་མི་འདི་ཡང་། ལ་ལུ་ཅིག་གིས་འབད་བ་ཅིན། མདང་ཕུ་གཡུས་ཚན་འདི་ནང་ལུ་སྲིནམོ་དུག་དྲག་ཅིག་ཡོད་མི་འདི་གིས་མིའི་ཚེ་སྲོག་ལུ་གནོདཔ་བསྐྱལ་ཏེ་སྡོད་མི་ལུ་བརྟེན་དུས་རབས་བཅོ་ལྔ་པའི་ནང་ལུ་བྱོན་པའི་གྲུབ་དབང་རིན་ཆེན་ཆོས་རྡོར་གྱིས་སྲིནམོ་དེ་གི་ཁ་གནོན་སྦེ་བཞེངས་གནང་མི་ལས་སྲིནམོ་གི་གནོད་པ་རྒྱུན་ཆད་སོང་བའི་ལོ་རྒྱུས་དང་འབྲེལ་སྲིནམོ་བཅད་ལྷ་ཁང་ཟེར་བླམ་གིས་བཏགས་གནང་བའི་ལོ་རྒྱུས་འདུག །ཐིམ་ཕུག་ སྲིན་མོ་ཏོག་ཁར་ཟེར་མི་འདི་ད་རེས་ནངས་པར་སེམས་རྟོགས་ཁར་ཟེར་དར་ཁྱབ་སོང་ཡོདཔ་བཟུམ་སྦེ། སྲིནམོ་བཅད་འདི་ཡང་ ལག་ཁྲམ་རྙིངམ་ནང་ལུ་ སེམས་བཅས་ལྷ་ཁང་དང་། ལག་ཁྲམ་གསར་པའི་ནང་ལུ་ སེམས་བསྐྱེད་ལྷ་ཁང་ཟེར་བྲིས་ཏེ་འདུག །
བླམ་དྲུང་དྲུང་ཁོ་རང་སྤ་རོ་ལས་འཁྲུངས་ཡོད་པའི་ཁར། ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་མཐར་ཕྱིན་པའི་གྲུབ་ཐོབ་ཅིག་ཨིན་མས། གུ་རུའི་ལུང་བསྟན་ལས་པད་གླིང་རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་བཀའ་བབས་ཏེ་ཡོད་པའི་ཁར་སློབ་མ་ཡང་གཏེར་སྟོན་རྣམ་གཉིས་བྱུང་བའི་ལུང་བསྟན་ཡོད་དོ་བཟུམ་སྦེ། གཏེར་སྟོན་ངག་དབང་གྲགས་པ་དང་གཏེར་སྟོན་ཚེ་རིང་རྡོ་རྗེ་རྣམ་པ་གཉིས་ཀྱི་རྩ་བའི་བླམ་ཨིན་མས། བླམ་དྲུང་དྲུང་རིན་པོ་ཆེ་མཆོག་གདོང་དཀར་ལ་དང་། བོད་མོ་རིན་ཆེན། སྨན་སྒྲུབ་དགོན་པ་ཚུ་ནང་ལུ་ཕར་ཚུར་སྦེ་བཞུགས་དོ་ཡོདཔ་ད། འཕྲལ་འཕྲལ་རང་ལྷོ་གླིང་གི་སྦྱིན་བདག་ཚུ་གིས་གདན་དྲངས་ཏེ་སྒྲུབ་ཆེན་དང་ཆོས་བཤད། བཀའ་དབང་ཚུ་གནང་སྟེ་བཞུགས་ནུག ། ནམ་ཅིག་གི་ཚེ་ལྷོ་གླིང་གི་ཡོན་བདག་ཚུ་བླམ་བཞུགས་སར་བཀའ་དབང་གནང་དགོ་པའི་གསོལ་བ་བཏབ་པ་བཅརཝ་ད། བླ་མའི་ཞལ་ལས། “ཁྱེད་ཆ་ཁྱབ་ཀྱིས་ ང་དབང་གནང་པར་ཤོག་ ཟེར་ལོག་ཅི་རང་སླབ་མས། ང་གིས་སླབ་མི་ཁྱེད་ཀྱིས་ཉན་པ་ཅིན་ཁྱོད་ཚུ་གིས་སླབ་མི་ཡང་ང་གིས་ཉན་གེ །ང་མི་རྒསཔོ་ཤི་རནམ་ད་ཡར་མར་འགྱོ་ལོང་མིན་འདུག །ང་སྒྲུབ་པའི་བསྟན་པ་ཅིག་བཙུགས་ཚུགས་པ་ཅིན་རེ་བ་སྦོམ་སྐྱེདཔ་ཨིན། བོད་མོ་རིན་ཆེན་ལུ་སྒྲུབ་པ་རྐྱབ་མི་ལེ་ཤ་རང་འོང་ཡི། སྒྲུབ་རྒྱགས་སྐྱེལ་མི་མེད་པར་མཚམས་བཅད་མ་ཚུགས་པར་ལུས་སོང་ཡི། བླམ་ངག་དབང་ཡང་ངེའི་སློབ་མ་སྦེ་ཨིན་རུང་ང་ལས་ཁོ་ལྷག །ཁོ་ལུ་ཞབས་ཏོག་བསྙེན་བསྐུར་ཞུ་དགོཔ་ཡོད།” ཟེར་གསུངམ་ད། ལྷོ་གླིང་པའི་སྦྱིན་བདག་ཚུ་ཡང་གནམ་མེད་ས་མེད་སེམས་དགའ་དྲག་སྟེ། “བླ་མས་ཅི་གསུངས་ཞབས་ཏོག་ཞུ་ནི་ཨིན། སྒྲུབ་རྒྱགས་ང་བཅས་ཀྱིས་མ་ཚད་དད་པ་ཅན་གྱི་མི་ཚུ་ག་ར་རབ་རུབ་སྦེ་ཕུལ་ནི་ཨིན། བླམ་ངག་དབང་ལུ་ཡང་ཡོན་བདག་ང་བཅས་ཀྱིས་ཞུ་ནི་ཨིན། ད་རེས་བླམ་རིན་པོ་ཆེ་བཀའ་དབང་གནང་བར་ག་དེ་འབད་རུང་བྱོན་གནང་དགོ་” ཟེར་ཁས་ལེན་དང་གསོལ་འདེབས་ཞུཝ་བཞིན་དུ་བཀའ་དབང་ཡང་གནང་། བླམ་ཁོ་རང་ཡང་སྐུ་ན་བགྲེས་སོངམ་ལས་བོད་མོ་རིན་ཆེན་ལུ་བཞུགས། དེ་ལས་བླམ་དྲུང་དྲུང་གི་སློབ་མ་གཏེར་སྟོན་རྣམ་གཉིས་ལས་ གཏེར་སྟོན་ངག་དབང་གྲགས་པ་(གནས་ཕུ་སྤྲུལ་སྐུ་སྐུ་ཕྲེང་དང་པ།) དང་བོད་མོ་རིན་ཆེན་ལུ་སྒྲུབ་པ་གནང་བཞུགས་མི་ཚུ་གི་སྒྲུབ་རྒྱགས་ཀྱི་ཡོན་བདག་གཙོ་བོ་ཡང་ལྷོ་གླིང་གི་ཡོན་བདག་ཚུ་ཨིན་མས།
དེ་ལས་བླམ་དྲུང་དྲུང་ཞིང་ཕེབས་པའི་ཤུལ་ལུ་གཏེར་སྟོན་ངག་དབང་གྲགས་པ་ཡང་། ལྷོ་གླིང་གི་སྦྱིན་བདག་ཚུ་གིས་འཕྲལ་འཕྲལ་རང་གདན་འདྲེན་ཞུས་ཞིནམ་ལས་དབང་དང་སྐྱེས་བདུན་སྒྲུབ་ཆེན་ཚུ་བཙུགས་ཏེ་བཞུགས་ཡོདཔ་མ་ཚད། ཐུགས་སྲས་ཟླ་བ་རྒྱལ་མཚན་དང་། གཏེར་སྟོན་ཚེ་རིང་རྡོ་རྗེ་ལ་སོགས་པ་ཚུ་བྱོན་ཏེ་བྱིན་གྱིས་རླབས་གནང་བའི་ས་གནས་ཁྱད་པར་ཅན་ཅིག་ཨིན་མས། ལྷ་ཁང་འདི་གཏེར་སྟོན་ལུ་ཕུལ་ཡོདཔ་འོང་ནི་ཨིན་རུང་གཏེར་སྟོན་གྱི་ཡང་སྲིད་སྐུ་ཕྲེང་རིམ་བྱོན་ཚུ་གིས་བདག་འཛིན་མ་མཛདཔ་འོང་ནི་མས།
དེ་སྦེ་ལྷ་ཁང་འདི་ལྷོ་གླིང་གི་མི་སེར་དམངས་ཀྱིས་སྦེ་བདག་འཛིན་འཐབ་ཏེ་མི་ལོ་ལྔ་བརྒྱ་ལྷགཔ་ཅིག་སོང་ཡོདཔ་ད། ལོ་ངོ་དྲུག་ཅུ་དེ་ཅིག་གི་ཧེ་མ་ཉམས་གསོ་ཚར་ཅིག་ཞུ་བའི་ལོ་རྒྱུས་འདུག །ཨིན་རུང་དུས་ཚོད་ཀྱི་གྱུར་བ་དང་བསྟུན་ཏེ་ ལྷོ་གླིང་གི་མི་སེར་ཚུ་ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ཤར་པ་ལུ་གནས་སྤོ་འགྱོ་མི་ལས་ལྷ་ཁང་འདི་ཡང་བདག་འཛིན་འབད་མི་མེད་པར་ཉམས་ཆག་འབྱུང་ནིའི་ཚ་གྱང་ལུ་བརྟེན་ཏེ། ལྷོ་གླིང་གི་ཚོགས་པ་གིས་གཙོས་པའི་མི་སེར་དགུང་པ་ ༣༨ དེ་ཅིག་མགྲིན་གཅིག་གི་ཐོག་ལས་སྤྱི་ལོ་ ༢༠༠༩ ལུ་༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་སྨན་སྒྲུབ་དགོན་པའི་ལྷ་ཁང་ཕུལ་བའི་སྐབས་དང་འབྲེལ། ལོ་རྒྱུས་ནང་ལུ་པད་གླིང་གི་བསྟན་པ་དར་སའི་ས་གནས་ཅིག་འབད་ནི་དེ་གིས་ལྷོ་གླིང་གི་སེམས་བསྐྱེད་ལྷ་ཁང་འདི་ཡང་མཉམ་ཅིག་སྦེ་རྩིས་ཕུལ་གནང་ཡོད་པའི་ཡིག་ཆ་ནང་ཁ་གསལ་ཡོད་དོ་བཟུམ་སྦེ་ཕྱི་ལོ་ ༢༠༠༩/༡༢/༡༦ ལུ་རྩིས་བཞེས་གནང་ནུག །
༈ ལྷ་ཁང་དང་འབྲེལ་བའི་ད་རེས་ཀྱི་གནས་སྟངས།
ལྷ་ཁང་གི་ས་ཆ་ཨེ་ཀར་གཉིས་དེ་ཅིག་ཡོད་མི་ནང་ལུ་ལྷ་ཁང་དང་མཆོད་རྟེན་ཚུ་ཚུདཔ་ཨིན་མས། ལྷ་ཁང་གི་ནང་རྟེན་ལས། སྐུ་རྟེན་གཙོ་བོ་གུ་རིན་པོ་ཆེ་པདྨ་འབྱུང་གནས་གཙོ་འཁོར་གསུམ་དང་མཚན་བརྒྱད། ཚེ་དཔག་མེད་དང་སྟོན་པ་སྤྱན་རས་གཟིགས་ཚུ་བཞུགས་ཡོད་རུང་། གསུང་རྟེན་ཚུ་ག་ནི་ཡང་མེདཔ་ལས་ད་རེས་བསྟན་པའི་སྦྱིན་བདག་ཨ་ནེམ་དམ་ཆོས་ཀྱིས་ཕུལ་བའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་གདན་དྲངས་ནུག །ལྷ་ཁང་འདི་རི་ཁྲོད་བཟུམ་ཅིག་ལུ་གྱུར་སོངམ་ལས་ད་རེས་ནངས་པ་ ལྷ་ཁང་གི་ཉེ་འདབས་ལུ་ཁྱིམ་གུང་པ་གསུམ་དེ་ཅིག་དང་། ཁྲོས་མའི་ཉམས་ལེན་པ་ ༡༧ དེ་ཅིག་གི་མཚམས་ཁང་ཚུ་འདུག །ལྷ་ཁང་གི་རྒྱབ་ཁར་མཆོད་རྟེན་ཅིག་ཡོད་མི་འདི་ཡང་ཧེ་མ་ལས་རང་ཡོད་པའི་མཆོད་རྟེན་རྙིངམ་ཅིག་ཨིནམ་འོང་ནི་མས། ལྷ་ཁང་གི་ལྟག་པར་སྣུམ་འཁོར་ལམ་གྱི་ལྟག་གྲུབ་ཆུ་ཁག་གཉིས་དེ་ཅིག་ཡོད་མི་འདི་ གྲུབ་ཆུ་ཕོ་མོ་གཉིས་ཟེར་བཤད་སྲོལ་ཡོད་རུང་བླམ་ག་གི་ཨིན་ན་ཤེས་མི་མེད་པའི་ཁར། འཕྲལ་འཕྲལ་རང་སྐམ་དོ་ཡོདཔ་ཨིན་མས། ལྷ་ཁང་འདིའི་གནས་བདག་གི་མིང་ “བེ་ཤིང་གཞི་བདག་་”ཟེར་སླབ་དོ་ཡོདཔ་ད། “འབྱོར་ལྡན་ལྷོ་གླིང་ཁ་ཞེས་གྲགས་པའི་ཡུལ། །ལེགས་པར་སྐྱོང་བའི་ལྷ་བཙན་དགེ་བསྙེན་ཆེ། །” ཟེར་ལྷ་སྲིན་སྡེ་བརྒྱད་ལས་བཙན་གྱི་རིགས་ཅིག་ཨིན་མས། ཞལ་དཀར་ལ་ཁྲོ་བའི་ཉམས་དང་ལྡན་པ། གྱེར་ལིང་རྟ་གུ་ཆིབས་པ། ཕྱག་གཡས་པ་རལ་གྲི་དང་གཡོན་པ་ལུ་གདུང་ཐུང་བསྣམས་ཏེ་བཞུགས་མི་ཅིག་ཨིན་མས། གཞི་བདག་གི་གསོལ་ཁ་དང་འཁྲིལ་བ་ཅིན་ཁོང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་གཏེར་སྟོན་ངག་དབང་གྲགས་པ་རྣམ་གཉིས་ཀྱི་བཀའ་དང་དམ་ལུ་གནས་མི་ཅིག་ཨིན་མས།
༈ དུས་མཆོད་འབུམ་སྡེ།
ཧེ་མ་འབད་བ་ཅིན་རང་ཟླ་དང་པ་ཆོ་འཕྲུལ་ཟླ་བའི་དུས་ཆེན་ཚེས་ ༡༤ ལས་ ༢༦ ཚུན་སྨྱུང་གནས་ཅིག་བཟུང་སྲོལ་ཡོདཔ་མ་གཏོགས་གཞན་དམིགས་བསལ་འབུམ་སྡེ་ག་ནི་ཡང་མེད་རུང་། དེ་རེས་སྒང་སྟེང་ལས་བླམ་ཅིག་བསྐོས་ཞིནམ་ལས་ཡར་ངོ་མར་ངོའི་ཚེས་བཅུ་དང་། ལོ་གཅིག་གི་དུས་ཆེན་སྦོམ་ཚུའི་སྐབས་ཚོགས་འཁོར་སྐོར་དོ་ཡོདཔ་ཨིན།
མ་འོངས་པའི་ལས་འཆར།
ལྷ་ཁང་འདི་ཉམས་ཆག་སྦོམ་སྦེ་རང་ཤོར་ཏེ་ཡོད་པ་ལས་འཕྲལ་མགྱོགས་རང་ཉམས་གསོ་ཞུ་ནི་ཨིནམ་ད། འཐུང་ཆུ་དང་མཆོད་པའི་ཆུ་ཡང་ཐག་རིང་ས་ལས་དབོག་དགོ་དོ་ཡོདཔ་ལས་འཐུང་ཆུ་བཏོན་ནིའི་ལས་འཆར་འདུག །ལྷ་ཁང་འདི་ད་རེས་སྒང་སྟེང་ལས་སློབ་དཔོན་གཅིག་བསྐོ་བཞག་འབད་ཡོད་མི་དེ་གིས་བདག་འཛིན་གནང་དོ་ཡོདཔ་ཨིན།
ཡིག་ཆ། གཏེར་སྟོན་ངག་དབང་གྲགས་པའི་རྣམ་ཐར།
ངག་འདྲི་ཞུ་ས། སློབ་དཔོན་ཀརྨ།
འགྲུལ་འཕྲིན་ཨང་། +975173310284