༈ དང་པ་ཕོམ་རོང་གཡུས་ཀྱི་ལོ་རྒྱུས།
དེ་ཡང་ཕུར་གྲོང་གཡུས་ཚན་གྱི་མགུ་ལུ་ཆགས་ཏེ་ཡོད་པའི་ཡོངས་གྲགས་ལུ་ “ཕོམ་རོང་ལྷ་ཁང་” ཟེར་གཡུས་ཀྱི་མིང་འདི་ལྷ་ཁང་ལུ་ཞུ་སྲོལ་དར་ཁྱབ་སོང་སྟེ་ཡོད་རུང་ལྷ་ཁང་གི་མཚན་ངོ་མ་བསམ་གཏན་ཆོས་གླིང་ཟེར་ཞུཝ་ཨིན་མས། གཡུས་ཀྱི་མིང་ཕུར་གྲོང་ཟེར་སླབ་དགོ་པའི་རྒྱུ་མཚན་འདི་སྔོན་མ་དུས་རབས་ ༡༡ པའི་ནང་བོད་གངས་ཅན་གྱི་ལྗོངས་ནང་ལུ་ བྱོན་མི་ཕ་མར་པ་ལོ་ཙཱ་བའི་སྲས་དྷརྨ་དོ་ཏི་ཟེར་མི་འདི་བཤགས་ཏེ་ཁོ་གི་འཕོ་བ་གྲོང་འཇུག་གི་མན་ངག་ལུ་བརྟེན་ཏེ་རྣམ་ཤེས་འདི་བྱ་ཕུར་ཀྲེ་ཅིག་ལུ་འཛུལ་ཞིནམ་ལས་རྒྱ་གར་ནང་ཆོས་ཞུས་བར་བྱོན་ནི་འབད་བྱོན་པའི་ལམ་ཁར་ཞག་གཅིག་གཡུས་ཚན་འདི་ལུས་སོཔ་ལས་གཡུས་ཀྱི་མིང་ཕུར་གྲོང་ཟེར་དར་ཁྱབ་སོང་ཡོདཔ་ཨིན་མས། ཨིན་རུང་ད་རེས་ནངས་པ་སྒྲ་ཟུར་ཉམས་ཏེ་ཕོམ་རོང་ཟེར་སླབ་སྲོལ་དར་ཏེ་འདུག།
༈ ཕོམ་རོང་ལྷ་ཁང་གི་རྒྱབ་ཁུངས།
དགོན་པ་འདི་སྟངས་རྒེད་འོག་གི་མངའ་འོག་ལུ། ལྕམ་མཁར་ལས་གཞུང་ལམ་བརྒྱུད་དེ་ཀི་ལོ་མི་ཀྲར་ ༡༩ སོང་བའི་ཕོམ་རོང་གཡུས་ཚན་གྱི་སྦུག་ལས་ཁ་ཡར་བལྟ་སྟེ་ཀི་ལོ་མི་ཊར་ ༡ ལྷགཔ་ཅིག་འགྱོ་བའི་ས་ཁར་ཆགས་ཏེ་ཡོད། དགོན་པ་ཆགས་ཏེ་ཡོད་སའི་ས་ཆ་རིག་འཛིན་པདྨ་གླིང་པ་གིས་བྱིན་གྱིས་བརླབས་གནང་བའི་གནས་ཁྱད་པར་ཅན་ཅིག་ཨིནམ་ལས་ད་ལྟོ་ལྷ་ཁང་ཡོད་སའི་ས་ཆ་འདི་སྔོན་མ་རིག་འཛིན་པདྨ་གླིང་པའི་མགར་ཚང་ཨིནམ་ལས་ལྷ་ཁང་འདི་བཞེངས་པའི་སྐབས་གྱང་ཁོག་ཨ་ཙི་རེ་ཡོད་མི་ནང་ལས་ལྕགས་རོ་ལེ་ཤ་ཐོན་ཏེ་ཤུལ་ལས་སྐུ་རྟེན་བཞེངས་པའི་སྐབས་སྐུའི་གཟུངས་སྦེ་ཕུལ་ཡོདཔ་ཨིན་མས། དེ་མ་ཚད་ཀུན་བཟང་བྲག་ལྷ་ཁང་ནང་ལུ་ཡོད་པའི་ཤིང་པར་ཚུ་གི་ཤིང་ལྷ་ཁང་གི་ཉེ་འདབས་ལས་བཏོན་ཡོད་པའི་ལོ་རྒྱུས་ཡོདཔ་དང་པདྨ་གླིང་པ་གིས་བཏོན་གནང་བའི་སྒྲུབ་ཆུ་ཅིག་དང་སྨན་ཆུ་ཅིག་ད་ལྟོའི་བར་ན་ཡང་མ་ཉམས་པར་འདུག།
ཕོམ་རོང་བསམ་གཏན་གླིང་ལྷ་ཁང་འདི་ ༡༩༨༨ ལུ་གཡུས་ཕོམ་རོང་ལས་ར་ཨིན་མི་བླམ་ངག་དབང་གྲགས་པ་དང་དགེ་སློང་ཀརྨ་ཕུན་ཚོགས། ལྷ་བྲིས་པ་ཤེས་རབ་སྤུན་ཆ་གསུམ་གྱིས་བསྟན་འགྲོའི་དོན་ཁོ་ལུ་དགོངས་བཞེད་གནང་སྟེ་བཞེངས་གནང་ནུག། ༡༩༩༢ དུས་ཡུན་ལོ་ངོ་ལྔ་གི་ནང་ལྷ་ཁང་ཕྱི་ནང་རྟེན་དང་བརྟེན་པར་བཅས་བསྒྲུབས་གནང་སྟེ་རབ་གནས་ཡང་བུམ་ཐང་ཐར་པ་གླིང་གི་མཁན་པོ་བསོད་ནམས་དོན་གྲུབ་ཀྱིས་དབུ་བཞུགས་མཛད་དེ་གྲྭ་ཚང་གི་དགེ་འདུན་པ་ཚུ་གིས་ཉིན་གྲངས་གསུམ་གྱི་རིང་ལུ་གནང་ཞིནམ་ལས། ལོ་ངོ་བཅོ་ལྔ་ལྷག་ཙམ་གི་རིང་ལུ་ལྷ་ཁང་འདི་ཁོང་ར་སྤུན་ཆ་ཚུ་གིས་བདག་འཛིན་འཐབ་སྟེ་སྡོད་ནུག།
༈ ལྷ་ཁང་༧་སྒང་སྟེང་རིན་པོ་ཆེ་ལུ་རྩིས་ཕུལ་གནང་བ།
ལྷ་ཁང་བཞེངས་གནང་མི་ཁོང་ར་སྤུན་ཆ་གསུམ་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ལས་སྤྱི་ལོ་༢༠༡༡ ཟླ་གཉིས་པའི་ཚེས་བཅུ་བདུན་ལུ་རྒྱལ་བསྟན་སྤྱི་དང་ལྷག་པར་དུ་པད་གླིང་བསྟན་པའི་ཞབས་ཏོག་ཁོ་ན་ལུ་ཐུགས་བཞེད་གནང་སྟེ་ལྷ་ཁང་ས་ཞིང་དང་བཅསཔ་སྦེ་ པད་གླིང་བསྟན་པའི་ཆོས་བདག་༧སྒང་སྟེང་རིན་པོ་ཆེ་ལུ་ཕུལ་གནང་ནུག། ལྷ་ཁང་འདི་རིན་པོ་ཆེ་ལུ་ཕུལ་དགོ་པའི་གནད་དོན་གཙོ་བོ་ར། དང་པ་ལྷ་ཁང་བཞེངས་སའི་ས་གོ་འདི་སྔོན་མ་ལས་རིག་འཛིན་པདྨ་གླིང་པ་གིས་བྱིན་གྱིས་བརླབས་གནང་བའི་གནས་རྩ་ཅན་ཅིག་ཨིན་པའི་ཁར་པད་གླིང་གི་ཆོས་རྒྱུད་དར་ཏེ་ཡོད་སའི་ས་གནས་ཁྱད་པར་ཅན་ཅིག་དང་། གཉིས་པ་༧སྒང་སྟེང་རིན་པོ་ཆེ་ནས་གཞི་བཙུགས་གནང་བའི་སྟངས་པདྨ་ཆོས་གླིང་བཙུན་མའི་བཤད་གྲྭ་འདི་ཡང་དེའི་ཉེ་འདབས་ལུ་ཆགས་ཏེ་ཡོདཔ་ལས་ཨ་ནེ་དགོན་པ་ལུ་ཡང་ཕན་ཐབས་འབྱུང་ནི་ཨིན་པའི་དགོངས་བཞེད། གསུམ་པ་ལྷ་ཁང་འདི་པད་གླི་ཆོས་བརྒྱུད་འཛིན་མི་ཅིག་གིས་བདག་འཛིན་འབད་བ་ཅིན་གཡུས་སྒོ་འདི་ནང་ལུ་ཡང་ཕན་ཐོགས་འབྱུང་ནི་ཨིན་པའི་ཐུགས་བཞེད་གནང་སྟེ་གོང་གི་ཚེས་གྲངས་ལུ་༧སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་གན་ཡིག་དང་བཅས་ཕུལ་ཡོདཔ་ཨིན་མས།
༈ ལྷ་ཁང་གི་ནང་རྟེན།
ལྷ་ཁང་ནང་ལུ་ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེ་དང་གཡས་ལུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་གཡོན་ལུ་རིག་འཛིན་པདྨ་གླིང་པ་གསུམ་བཞུགས་ཏེ་འདུག། རྒྱུ་སྨན་འདམ་ལས་སྒྲུབ་པའི་སྐུ་འདི་ཚུ་ཡང་འབྲུག་རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཆེ་བའི་འཇིམ་བཟོཔ་སློབ་དཔོན་ཨོམ་སྟོང་གིས་སྤུངས་ཐང་ཁ་རྫོང་ནང་གི་སྐུ་ཚུ་བཞེངས་པའི་སྐབས་སྟབས་གཅིག་ཁར་བཞེངས་སྟེ་སྤུངས་ཐང་ཁ་ལས་གདནས་འདྲེན་ཞུས་ཡོདཔ་ཨིན་མས། ད་རུང་སྐུ་རྟེན་གཞན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མཁན་ཆེན་ཞི་བ་འཚོ་གཉིས་ཀྱི་སྐུ་འདྲ་ཡང་མཇལ་ནི་ཡོདཔ་ད་དེ་གཉིས་ད་ལྟོ་ལྷ་ཁང་ཡོད་སའི་འོག་ལུ་ཕོམ་རོང་དམངས་ཀྱི་ལྷ་ཁང་བཞེངས་པའི་སྐབས་གཅིག་ཁར་བཞེངས་སྟེ་ལྷ་ཁང་འདི་ནང་བཞུགས་སུ་གསོལ་ཡོདཔ་ཨིན་མས། གསུང་རྟེན་གྱི་རིགས་ལས་རྒྱལ་བའང་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གཅིག་བཞུགས་ཏེ་འདུག། བྱིན་ཅན་གྱི་ནང་རྟེན་འདི་ཚུ་ག་ར་ཁོང་ར་སྤུན་ཆ་གསུམ་གྱིས་ར་སྦྱིན་བདག་འབད་དེ་བཞེངས་གནང་ཡོདཔ་མ་ཚད་གཞན་ཉེར་མཁོའི་མཆོད་ཆས་དུང་རྒྱ་གླིང་ལ་སོགས་པའི་རིགས་ཚུ་ཡང་ལེ་ཤ་ཅིག་མཁོ་སྒྲུབ་འབད་དེ་འདུག། ལྷ་ཁང་ནང་གི་ལྡེབས་རིས་ཚུ་ཡང་ལྷ་ཁང་འདི་གི་སྦྱིན་བདག་སྤུན་ཆ་ཆུང་ཤོས་ལྷ་བྲིས་པ་ཤེས་རབ་ཁོ་ར་གིས་ར་བྲིས་ཏེ་ཕུལ་ཡོདཔ་ཨིན་མས།
༈ པདྨ་ཆོས་གླིང་བཙུན་མའི་ཡན་ལག་གཞི་རིམ་སློབ་གྲྭ་གཞི་བཙུགས་གནང་བ།
སྤྱི་ལོ་ ༢༠༡༡ ལུ་ལྷ་ཁང་འདི་༧སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་རྩིས་ཕུལ་ཞིནམ་ལས་རིན་པོ་ཆེ་རང་གི་མངའ་འོག་ལུ་ཡོད་པའི་སྟངས་པདྨ་ཆོས་གླིང་བཙུན་མའི་བཤད་གྲྭ་ལུ་རྩིས་སྤྲོད་དེ་འགོ་དང་པ་སློབ་དཔོན་མ་གཉིས་རེ་སྐོར་རྒྱབ་སྦེ་དགོན་པ་བདག་འཛིན་འཐབ་སྟེ་བཞུགས་ནུག། ན་ཧིང་སྤྱི་ལོ་༢༠༢༠ ལས་པདྨ་ཆོས་གླིང་བཤད་གྲྭ་ནང་ལས་གཞི་རིམ་དང་པའི་སློབ་གཉེར་བ་ཨ་ནི་ ༡༢ གསར་བཙུགས་གནང་སྟེ་གཞི་རིམ་སློབ་གྲྭ་སྦེ་བཟོ་ཡོདཔ་ཨིན་མས། ད་རེས་སློབ་སྟོན་འབད་མི་སློབ་དཔོན་གཉིས་དང་སློབ་ཕྲུག་༡༢ འདུག།
སློབ་སྦྱོང་།
གཞི་རིམ་དང་པའི་ཆོས་ཚན་གསང་སྔགས་ཆོས་གླིང་ཆོས་སྤྱོད་བློར་འཛིན་དང་། སྐྱེད་ཆོག་གི་སྐོར་ཚུ་སྦྱང་བརྩོན་འབད་ནི། ཡིག་བཟོ་དང་གཏོར་བཟོ་ལ་སོགས་པ་ཚུ་ལུ་ཡང་སྦྱང་བ་འབད་དོ་ཡོདཔ་ཨིན་མས། དགུན་ཟླཝ་གཉིས་ཀྱི་ངལ་གསོའི་སྐབས་ལུ་པདྨ་ཆོས་གླིང་བཤད་གྲྭའི་ཨ་ནེ་གྲངས་སུམ་བཅུ་ལྷག་རེ་ཟླཝ་གཉིས་ཀྱི་རིང་ལུ་པད་གླིང་ཀུན་བཟང་དགོངས་འདུས་ཀྱི་སྔོན་འགྲོ་བཏང་ནིའི་སྲོལ་འགོ་བཙུགས་ཏེ་འདུག།
༈ ལོ་ལྟར་གྱི་དུས་མཆོད་འབུམ་སྡེ།
ལོ་ལྟར་འབུམ་སྡེའི་གྲས་ལས་ཟླཝ་དང་པའི་ནང་ལུ་པད་གླིང་སྐུ་མཆོད་ཉིནམ་གཅིག་དང་ས་ག་ཟླ་བའི་ཚེས་བཅོ་ལྔ་ལུ་ཚོགས་འཁོར་ཉིནམ་གཅིག། ཟླཝ་ལྔ་པའི་ནང་ལུ་སྤྲེལ་ཟླ་ཚེས་བཅུ་ཉིནམ་གཅིག། ཟླཝ་དྲུག་པའི་ཚེས་བཞི་ལུ་ཚོགས་འཁོར་ཉིནམ་གཅིག་གནང་དོ་ཡོདཔ་དང་ཟླ་རིམ་བཞིན་དུ་ཡར་ངོ་མར་ངོའི་ཚེས་བཅུ་རྒྱུན་མ་ཆད་པར་གནང་དོ་ཡོདཔ་ཨིན་མས། དེ་ལས་ཟླཝ་བཞི་པའི་ནང་དུས་ཚོད་ངེས་མེད་ཐོག་རྒྱལ་བའི་བཀའ་འགྱུར་ཉིནམ་ལྔ་ལྷག་གནང་དོ་ཡོདཔ་ཨིན།
འབྲེལ་གཏུགས།
སློབ་དཔོན། སློབ་དཔོན་པདྨ་ལྷ་མོ། ༡༧༨༩༨༠༩༢
སློབ་དཔོན་བསྟན་འཛིན་བཟང་མོ། ༡༧༦༥༢༣༧༦