(ཙཀྐླིང་སྒོམ་སྡེའི་ཆགས་རབས་མདོར་བསྡུས)
མཚན་གཞན། “ཙཀྐླིང་བསམ་གཏན་ཆོས་གླིང་སྒོམ་སྡེ” ཟེར་ཞུཝ་ཨིན། སྒོམ་སྡེ་འདི་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་[1]ཡ་གྱལ་མོང་སྒར་རྫོང་ཁག །ཙཀྐླིང་རྒེད་འོག །མོང་སྒར་ཁྲོམ་ལས་ལྷུན་རྩེ་ཁ་ཐུག་འགྱོ་སའི་སྤྱིར་བཏང་གཞུང་ལམ་བརྒྱུད་ཧོ་རོང་གི་ས་གནས་ལས་ཁ་ཡར་ལྟ་རྒེད་འོག་ཚུན་ཚོད་ཀི་ལོ་མི་ཊར་ ༡༡ དང་། རྒེད་འོག་གི་ལྟག་ལས་ཡར་ཀི་ལོ་མི་ཏྲར་ ༦ དེ་ཅིག་འགྱོ་བའི་ས་ཁར་ཆགས་ཏེ་འདུག །
༈ སྒོམ་སྡེ་ལྷ་ཁང་གི་ཕྱིའི་བཀོད་པ།
ཙཀྐླིང་ལྷ་ཁང་དང་། སྣག་ཚང་གཉིས་ཆགས་ས་ལུ། འབྲུ་སྣ་དགུ་དང་ཚོད་བསྲེ་ག་ཅི་ཡང་འཚོགས་ཚུགས་པའི་ཁར། ཤིང་སྣ་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པའི་ཡུལ་གྱི་དགེ་བཅུ་ཚང་བའི་ས་ཆ་ཉམས་དགའ་ཏོག་ཏོ་དང་། ས་ཆ་འདི་ནང་ལས་ཕྱོགས་ཀུན་ལུ་མཐོང་གསལ་ཆེ་ཏོག་ཏོ་ཡོདཔ་ཨིན། དེ་ཡང་ ལྷོ་ཁ་ཐུག་ལུ་ཙཀྐླིང་གི་གདན་རབས་བརྒྱད་པ་བླམ་སྟག་གཟིག་སངས་རྒྱས་ཆོས་གྲགས་རྒྱ་མཚོ་གིས་ཕྱག་བཏབ་གནང་བའི་མཐོ་གཞོང་དགོན་པ་དང་། དེའི་རི་གུ་ལུ་ ༸ སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་གིས་ཕྱག་བཏབ་གནང་བའི་འབྲས་ཕུ་སྟོང་ཚང་ཨྱོན་འོད་གསལ་ཆོས་གླིང་གི་སྒྲུབ་སྡེ། བྱང་ཁ་ཐུག་ལུ་སྨན་སྤང་རི་ཁྲོད་དང་། དེའི་རི་མཇུག་ལུ་ ༸སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་གིས་ཕྱག་བཏབ་གནང་བའི་སྟག་ཁམས་སྦིས་ཀྱི་ཟངས་མདོག་དཔལ་རི་དང་གཡུས་ཚན། དེ་བཟུམ་སྦེ་ཕོ་བྲང་ལྡིངས་ཀྱི་རྩིས་གཞུང་སློབ་གྲྭའི་སློབ་དཔོན་ཨྱོན་རྡོ་རྗེ་གིས་བཞེངས་གནང་བའི་གཙུག་ལག་ཁང་ཚུ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགས་པས། དེ་བཟུམ་སྦེ་རི་ཕར་ཁའི་ལོགས་ལུ་རྩ་མང་ཏོག་ཀ་རི་དང་། བཱན་ཇར་ལྷ་ཁང་དང་གཡུས་ཚན་ཚུ་ཡང་མཐོང་ཚུགས་ས། ད་རུང་ལྷ་ཁང་གི་གཡོན་ཁ་ཐུག་གི་ས་ཆ་འོག་ལས་མར་ལྕགས་ལ་སྒང་ཆོས་ལོངས་སྤྲུལ་གསུམ་གྱི་ལྷ་ཁང་། མཚོ་བྲང་ལ་སོགས་པའི་གཡུས་ཚན་བཅུ་ཕྲག་ལྷགཔ་སྦེ་ཡོད་པའི་རི་དེའི་མགུ་ལུ་ཆགས་ཏེ་ཡོདཔ་ད། ལྷ་ཁང་འདིའི་ཉེ་འདབས་ལུ་གཅན་གཟན་སྒང་མཆོད་རྟེན་དང་། རབ་གནས་མཆོད་རྟེན། ལྷ་བབས་མཆོད་རྟེན་ལ་སོགས་པའི་ལོ་རྒྱུས་དང་ལྡན་པའི་མཆོད་རྟེན་བཅུ་ཕྲག་གཉིས་ལས་ལྷགཔ་བཞེངས་ཡོད་མི་ཚུ་མཇལ་ཚུགས་པས།
༈ ཙཀྐླིང་སྣག་ཚང་དང་ལྷ་ཁང་། ཙཀྐླིང་སྒོམ་སྡེའི་ལྷ་ཁང་གི་་རྩ་བར་སྣག་ཚང་ཅིག་ཡོདཔ་ཨིན། སྣག་ཚང་འདིའི་མིང་ལུ་ “ཙཀྐླིང་སྣག་ཚང་” ཟེར་སླབ་ཨིན་མས། ཙཀྐླིང་བསམ་གཏན་ཆོས་གླིང་གི་གདན་རབས་དང་འཁྲིལ་ཏེ་ལོ་རྒྱུས་མདོར་བསྡུས་ཅིག་བྲི་བ་ཅིན། སྔོན་མ་ཉར་རྩིས་ཕྱུག་པོ་ཉི་མ་དར་རྒྱས་ཟེར་མི་གཡུས་འདི་གི་མི་སྟོབས་ཅན་དང་འབྱོར་པ་ཅན་སྦེ་བཞུགས་མི་ཅིག་ཨིན་མས། ཁོ་གིས་སྦྱིན་བདག་མཛད་དེ་ཙཀྐླིང་སྣག་ཚང་གི་གདན་རབས་དང་པ་ས་འཛིན་བསྟན་འཛིན་དོན་གྲུབ་ཀྱིས། ད་ལྟོ་ཡོད་པའི་ལྷ་ཁང་རྙིངམ་འདི་སྤྱི་ལོ་ ༡༦༢༠ རབ་བྱུང་ ༡༡ པའི་ལྕགས་སྤྲེལ་ལོ་ལུ་ཕྱག་བཏབ་གནང་ནུག །[2] <<གདན་འཛིན་བླ་མ་རིམ་བྱོན་གྱི་རྟོགས་བརྗོད་སྙིང་བསྡུས་མུ་ཏིག་ཕྲེང་མཛེས་>>དང་འཁྲིལ་བ་ཅིན་ཙ་ཀྐླིང་ཟེར་མི་འདི། ཀུར་སྟོད་པའི་ཁ་སྐད་ལས་ ཞྭམོ་ གི་མིང་ཚིག་ཅིག་ཨིནམ་ད། ཙཀྐླིང་གཡུས་ཀྱི་ཁ་སྐད་ལུ་ཨིན་པ་ཅིན་ པཎ་ཞྭ་ ལུ་ཞུ་དོ་ཡོདཔ་ཨིན་མས།
བཤད་སྲོལ་གཅིག་ལུ་བླམ་ས་འཛིན་བསྟན་འཛིན་དོན་གྲུབ་འདི། གདན་ས་ཅིག་བཅགས་དགོ་ནི་མས་ཟེར་ཐུགས་བསམ་བཞེས་ཏེ་བྱོན་པའི་སྐབས། ད་ལྟོ་ཡོད་པའི་ལྷ་ཁང་གི་ཉེ་འདབས་ལུ་གཅན་གཟན་སྒང་མཆོད་རྟེན་གྱི་ས་གནས་དེ་ཁར་ཕེབས་ད། སྟག་གི་སྐད་ཅིག་ཡང་རྐྱབ་ལས་ས་མིང་ཡང་གཅན་གཟན་ཞིང་ཟེར་དར་ཁྱབ་འགྱོ་ནུག། ས་གནས་དེ་ཁར་དེ་བསྒང་ སྤ་ཚ་ལྟེམ་ལྟེམ་སྦེ་སྐྱེས་ཏེ་ སྤ་ཚ་གི་རྩང་འདི་ཚུ་གིས་གང་འདི་ཡོདཔ་ལས། རྩང་གི་སྦུག་ནང་ལས་ལམ་མ་ཐར་བར་ལམ་བཀག་བཞག་ཡི་ཟེར། ད་འདི་ལས་ཕར་ལམ་མི་ཐར་བས། ལུང་བསྟན་གྱི་གདན་ས་འདི་ནང་བཟང་ནི་ཨིན་མས། ཟེར་ཐུགས་ཐག་བཅད་མི་ལས་རྩང་བཀག་གླིང་ཟེར་མིང་ཆགས་པའི་ཤུལ་ལས་སྒྲ་ཉམས་ཏེ་འགྱོ་ནུག་ཟེར་བཤདཔ་མས།
དེ་ལས་སྣག་ཚང་གི་གདན་རབས་གཉིས་པ། དཔལ་ལྡན་ཆོས་དབང་ལྷུན་གྲུབ་ཀྱིས་དགོན་པ་འདི་ནང་སྒོམ་ཆེན་གྱི་སྡེ་དང་། སྐུ་དྲུང་དབུ་མཛད་ལ་སོགས་པའི་ཆོས་ཁྲིམས་ཚུ་བསྐོ་བཞག་གི་སྲོལ་བཟང་བཙུགས་གནངམ་མ་ཚད། ལོ་ངོ་གསུམ་རེའི་བར་ན་མཁའ་འགྲོ་བསྐོང་བཤགས་ཕྱི་རུ་གཏེར་འཆམས་དང་བཅས་པའི་རྒྱུན་བཙུགས་གནང་མི་དེ་ད་ལྟོའི་བར་ན་ཡང་རྒྱུན་མ་ཆད་པར་འཚོགས་སྲོལ་འདུག །
དེ་ལས་རིམ་པ་བཞིན་དུ་གདན་རབས་གསུམ་པ་ཀུན་མཁྱེན་ཨྱོན་འབྲུག་རྒྱལ་དང་། གདན་རབས་བཞི་པ་རྡོ་བཤལ་བསམ་གྲུབ། གདན་རབས་ལྔ་པ་བོ་དྷི་ས་ཏྭ། གདན་རབས་དྲུག་པ་པདྨ་ཆོས་རྗེ། གདན་རབས་བདུན་པ་བསྟན་འཛིན་དོན་གྲུབ། གདན་རབས་བརྒྱད་པ་སངས་རྒྱས་ཆོས་གྲགས་རྒྱ་མཚོ། གདན་རབས་དགུ་པ་དམ་ཆོས་ལྷུན་གྲུབ། གདན་རབས་བཅུ་པ་བླམ་ཆོས་ཉིད་རྡོ་རྗེ། གདན་རབས་བཅུ་གཅིག་པ་བླམ་བསྟན་འཛིན་དོན་གྲུབ་དང་། དེ་ལས་གདན་རབས་བཅུ་གཉིས་པ་ད་ལྟོ་བཞུགས་པའི་བླམ་སངས་རྒྱས་བསྟན་འཛིན་ཚུ་བྱོན་ནུག །བླམ་སངས་རྒྱས་བསྟན་འཛིན་འདི་ད་རེས་སྒང་སྟེང་མཐོ་རིམ་བཤད་གྲྭ་ནང་སྐུ་ཡོན་སྦྱང་པའི་བསྒང་ཨིན། གདན་རབས་རིམ་བྱོན་གྱི་རྣམ་ཐར་དང་ལོ་རྒྱུས་ཚུ་ཁ་གསལ་ཙཀྐླིང་བསམ་གཏན་ཆོས་གླིང་གི་གདན་རབས་ནང་ལས་མཁྱེན་ཚུགས།
༈ ལོ་བསྟར་སྐུ་མཆོད་འབུམ་སྡེའི་སྐོར།
ལོ་གཅིག་ནང་ལུ་སྐུ་མཆོད་འབུམ་སྡེ་ལེ་ཤ་ཡོད་པའི་གྲས་ལས་སྣང་ཆེ་ཤོས་ཅིག་འདི། ཟླཝ་དྲུག་པའི་ནང་ལུ་མཆོད་རྟེན་རབ་གནས་ཟེར་བའི་ཚེས་བཅུ་འདི་ཨིན་མས། དེའི་ལོ་རྒྱུས་མདོར་བསྡུས་ཅིག་ཞུ་བ་ཅིན་སྔོན་མ་གདན་ས་ཕྱག་བཏབ་གནང་མི་བླམ་འདི་ལུ་གའུ་གཅིག་ཡོད་མི་འདི་བྱང་དཔ་ལས་འཚོལ་བར་བྱོན་པའི་སྐབས་ད་ལྟོ་གཅན་གཟན་སྒང་མཆོད་རྟེན་གྱི་འོག་ལུ་ཡོད་པའི་རབ་གནས་མཆོད་རྟེན་གྱི་ས་ཁོངས་ནང་ལུ་བྱོནམ་ད། སྲུང་འཁོར་གའུ་འདི་ལྷ་སྲིན་སྡེ་བརྒྱད་ཀྱིས་མཐའ་སྐོར་ཏེ་ཕྱག་མཆོད་ཕུལ་ཏེ་ཡོད་སར་གཟིགས་ནུག །དེ་ལས་གདན་རབས་གཉིས་པ་གིས་ས་གནས་འདི་ཁར་མཆོད་རྟེན་བཞེངས་ཞིནམ་ལས་རབ་གནས་མཛད་དེ་ཡོདཔ་ལས། ལོ་བསྟར་བཞིན་དུ་རང་ཟླ་དྲུག་པའི་ཚེས་བཅུ་ཐམ་ལུ་མཆོད་རྟེན་རབ་གནས་ཚེས་བཅུ་ཟེར་ ལོ་རེ་ནང་ལུ་མཆོད་རྟེན་རབ་གནས་གྲ་རྒྱས་ཏོག་ཏོ་སྦེ་མཛད་པའི་སྲོལ་ཁྱུན་མ་ཉམས་པར་འཚོགས་ནི་འདུག །དེ་བཟུམ་སྦེ་གདན་རབས་གཉིས་པ་གིས་སྲོལ་བཙུགས་གནང་བའི་ལོ་གསུམ་གྱི་བར་ན་མཁའ་འགྲོ་བསྐོང་བཤགས་འདི་ཡང་འབུམ་སྡེ་རྒྱས་ཤོས་ཅིག་ཨིན་མས།
རང་ཟླ་ | ཚེས་ | མཛད་རིམ། | ཉིན་གྲངས |
༡ | ༤ – ༡༠ | བདེ་ཆེན་ཞིང་སྒྲུབ། | ༧ |
༤ | ༦ – ༡༠ | བཀའ་འགྱུར་དག་ཚར་དང་བསྟན་འགྱུར་ཞལ་ཕྱེ་ནི། | ༥ |
༥ | ༩/༡༠ | སྤྲེལ་ཟླ་ཚེས་བཅུ་ | ༢ |
༦ | ༤ | མཐོང་གྲོལ་རྙིང་པའི་ཚེས་བཅུ། | ༡ |
༦ | ༡༠ | མཆོད་རྟེན་རབ་གནས། | ༡ |
༦ | ༡༡ | ཆོས་བསྐོར། སྤྱི་འོག་གཉིས་ནང་བཀའ་འགྱུར་གླིང་སྐོར་བརྐྱབ་ནི། | ༡ |
༨ | ༨ – ༡༡ | ཚེས་བཅུ་དང་མཐོང་གྲོལ་མཇལ་ཁ། | ༤ |
༩ | ༡༣-༡༥ | བཀའ་བརྒྱད་གཏོར་ཟློག་དང་མགོན་པོའི་སྟོང་ཚོགས། | ༣ |
༡༠ | ༡༥_༡༧ | སྣག་ཚང་གི་བསྐང་གསོ་ཆེན་མོ། | ༣ |
༡༡ | ༢༥_༢༩ | ལོ་ངོ་གསུམ་རེའི་བར་ནང་ མཁའ་འགྲོའི་བསྐོང་བཤགས་འཆམས་དང་བཅས་པ། | ༥ |
དེ་ལས་ཟླ་རིམ་བཞིན་དུ་ཡར་ངོ་དང་མར་ངོ་ཚུ་གཡུས་ཚན་སྐོར་བརྐྱབ་སྦེ་སྦྱིན་བདག་མཛད་ཐོག་ལས་མ་ཆད་པར་གནང་དོ་ཡོདཔ་ཨིན།
༈ མཆོད་གཞིས་ཀྱི་སྐོར།
ཙཀྐླིང་སྒོམ་སྡེའི་མཆོད་གཞིས་ས་རྒྱ་ཨེ་ཀཱར་བསྡོམས་ ༦ ལྷགཔ་ཅིག་ཡོདཔ་ད། དེ་ནང་ལུ་སྔོན་མའི་ལྷ་ཁང་རྙིངམ་དང་། དེ་གི་སྦོ་ལོག་ཁར་གསར་བཞེངས་གནང་བའི་བསྒང་ཡོད་པའི་བཀའ་བརྒྱད་ལྷ་ཁང་གཉིས་ཡང་ཚུདཔ་ཨིན་མས། སྣག་ཚང་གི་གདན་རབས་ ༡༡ པ་བླམ་བསྟན་འཛིན་དོན་གྲུབ་དང་སྒོམ་སྡེ་མི་སེར་ཚུ་གིས། ཕ་མེས་ཀྱི་ཆོས་ལུགས་འཛིན་སྐྱོང་དང་། བསྟན་པ་དང་སེམས་ཅན་གྱི་ཕན་ཐབས་ལུ་དམིགས་ཏེ། གཙུག་ཁག་ཁང་མཆོད་གཞིས་དང་བཅས་པ་སྦེ་སྤྱི་ལོ་ ༼༢༠༠༠༽ ལུ་ ༧སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་གི་མངའ་འོག་པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ཀྱི་མིང་ཐོ་སྤོ་གནང་བའི་སྐབས། ལྷ་ཁང་གི་ས་རྒྱ་ཨེ་ཀར་ ༡ ལྷགཔ་ཅིག་ལས་བརྒལ་མེད་པར་ས་རྒྱ་ཆུངམ་ལས་བརྟེན། སྤྱི་ལོ་ ༢༠༠༠ ལུ་བླམ་སྲི་ཐར་གྱིས་ས་ཆ་གཅིག །རྒཔོ་བགྲེསཔ་ཚེ་དབང་དར་རྒྱས་ཀྱིས་ས་ཆ་ཁག་ཅིག། བརྙར་རྩི་ལས་ཚོགས་པ་ཚེ་རིང་ཕུན་ཚོགས་དང་ཚེ་རིང་བདེ་སྐྱིད། ལས་སྐྱིད་གསུམ་གྱིས་སྦེ་ས་ཁག་གཅིག་བཅས་ཁག་གསུམ་བསྡོམས་ཏེ་ཨེ་ཀར་ ༥ དེ་ཅིག་རིན་པོ་ཆེ་ལུ་ཕུལ་གནང་མི་འདི། རིན་པོ་ཆེ་མཆོག་གིས་སྒོམ་སྡེའི་མཆོད་གཞིས་སྦེ་གནང་ནུག །
༈ བླ་སློབ་ཀྱི་ཁ་གྲངས་དང་ལོ་རྒྱུས།
སྔར་སྒོམ་སྡེ་ནང་ལས་རྡོ་རྗེ་སློབ་དཔོན་དང་། དབུ་མཛད་ཚུ་གིས་སྦེ་འཛིན་སྐྱོང་གནང་ཏེ་ཡོདཔ་ད། ༸སྐྱབས་རྗེ་རིན་པོ་ཆེ་ལུ་ཕུལ་ཞིནམ་ལས་སྒོམ་སྡེ་ནང་ལུ་ཧེ་མ་ཡོད་པའི་ཐོག་ཁར་སློབ་ཕྲུག་ ༤༢ དེ་ཅིག་གསར་བཙུགས་མཛད། འཚོ་བའི་མཐུན་རྐྱེན་དང་ཟླ་རིམ་གྱི་ལྟོ་ཕོག་ལ་སོགས་པ་རིན་པོ་ཆེ་རང་ལས་བཀའ་དྲིན་བསྩལ། ཕྱི་ནང་གི་འཛིན་སྐྱོང་གཙོ་བོ་མཁན་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་གིས་སྦེ་གནང་ཏེ་འདུག །སྒོམ་སྡེ་འདི་ནང་ད་ལྟོ་མཁན་པོ་གཅིག་དང་། སློབ་དཔོན་གཉིས། སློབ་ཕྲུག་ཡོངས་བསྡོམས་ ༡༡ དང་། སྐུ་མཆོད་འབུམ་སྡེ་བཟུང་སྐབས་སྒྲིག་རྒྱུག་མི་དང་སྒོམ་སྡེ་ནང་ཐོ་བཀོད་ཡོད་མི་སྒོམ་ཆེན་རྒན་ཤོས་གྲངས་ ༦༠ ལྷགཔ་ཅིག་འདུག །མཁན་སློབ་ཚུ་ཡང་སྒང་སྟེང་དགོན་པ་ལས་བསྐོ་བཞག་གནང་དོ་ཡོདཔ་དང་། སློབ་ཕྲུག་ཚུ་ད་ལྟོ་ཚུན་ཚོད་བར་ན་ཆ་ལི་དང་ཙཀྐླིང་གཉིས་ལས་མ་གཏོགས་ཐག་རིང་ས་ལས་མེད་རུང་མ་འོངས་པར་ནང་སྒོམ་ཆེན་གྲངས་ཡར་གསེང་འབད་ནིའི་འཆར་གཞི་འདུག །
༈ ཐུན་མིན་ལམ་སྲོལ།
ཙཀྐླིང་གཡུས་ཚན་ནང་ལུ་ཐུན་མིན་གཡུས་ཀྱི་ལམ་སྲོལ་ཟེར་རུང་སྒོམ་སྡེའི་ནང་ལུ། ལོ་གསུམ་གྱི་བར་ན་མཁའ་འགྲོའི་བསྐངས་བཤགས་ཀྱི་འབུམ་སྡེ་འཚོགས་པའི་སྐབས། མི་སེར་ག་ར་ཨོཾ་ཨ་ཧ་ར་པཉྫ་ཟེར་བའི་སྔགས་འབྲུ་འདི་གདངས་འཐེན་ཏེ་ཉིམ་གསུམ་བསྐོར་ར་བརྐྱབས་ནི་དང་ཕྱི་རུ་གཏེར་འཆམས། ཚེས་བཅུའི་སྐབས་སུ་པད་གླིང་ལུགས་ཀྱི་གར་འཆམས་འདི་ཚུ་ཡང་ས་གནས་གཞན་ཁར་དང་མ་འདྲཝ་སྦེ་རྐྱབ་སྲོལ་ཡོད་མི་ཚུ་ཨིན་མས། ལྷག་པར་དུ་པདྨ་གླིང་པའི་རྔ་འཆམས་ཟེར་མི་འདི་གཞན་ག་ཏེ་ཡང་རྐྱབ་སྲོལ་མེད་པའི་ཐུན་མིན་ཆོས་དང་ལམ་སྲོལ་ཅིག་ཨིན་མས། སྔགས་འབྲུ། “ཨོཾ་ཨཱཿ ཧཱུཾ༔ ཧྲཱི༔ ཨཱ་ཧ་ར་པཉྩ་ཨཱ་ཧ་ར་གུ་ཤ་ཧཱུཾ་གུ་ཕཊ༔”
༈ མི་སྡེ་ནང་ལུ་ཁེ་ཕན།
སྤྱིར་འབྲུག་རྒྱལ་ཁབ་ནང་ལྷག་པར་དུ་མོང་སྒར་རྫོང་ཁག་ནང་ལུ་གཤིན་གསོན་གཉིས་ཀྱི་དགེ་རྩ་དང་རིམ་གྲོ་ཚུ་གནམ་བྱར་དགུན་མེད་པར་བླམ་ཆོསཔ་གི་ཐོག་ལས་དཀའ་ངལ་ག་ནི་ཡང་མེད་པར་ཕན་ཐོགས་སྦོམ་སྦེ་བྱུང་ཏེ་འདུག །སྤྱིར་བཏང་སྒོམ་ཆེན་དང་མི་སེར་གཉིས་ཆ་རང་ཅོག་ཅིགཔ་སྦེ། ཁྱིམ་དགུང་རེ་ལས་སྒོམ་ཆེན་རེ་ཡོདཔ་ལས་མི་སྡེ་དང་སྒོམ་སྡེའི་བར་ན་མཐུན་ལམ་དམ་ཟབ་ཡོདཔ་མ་ཚད། སློབ་གྲྭ་ནང་འཛུལ་ཡོད་མི་ཚུ་ཡང་གནམ་དགུན་ངལ་གསོའི་སྐབས་སྒོམ་སྡེ་ནང་ལུ་འཛུལ་ཏེ་རང་གི་ལམ་སྲོལ་འཆམས་དང་ཆོ་ག་ཚུ་ལུ་སྤྲོ་བ་སྐྱེད་དེ་ལྷབ་སྦྱངས་འབད་དོ་ཡོདཔ་ཨིན་མས།
༈ རྩ་གཞུང་།
སྒོམ་སྡེ་ནང་ལུ་སྔོན་མ་བཟུམ་སྦེ་ གར་ཐིག་དབྱངས་གསུམ་རྐྱངམ་ཅིག་གིས་མ་དོ་བར། དེང་སང་གི་གནས་སྟངས་དང་བསྟུན་ཏེ། ཡིག་དཀར་དང་། རིག་གནས་ཚུ་བསྟན་དོ་ཡོདཔ་མ་ཚད། གཞུང་ཆེན་ཚུ་ཡང་སྦྱངས་ཚུགས་ནི་ཨིན་མས། དེ་རེས་གཞི་རིམ་སྒོམ་སྡེའི་སློབ་ཕྲུག་ཚུ་གིས་སྒང་སྟེང་བཤད་གྲྭའི་སློབ་ཚན་གཏན་འབེབས་ཀྱི་གཞི་རིམ་ཤེས་ཡོན་ཚུ་སྦྱངས་དོ་ཡོདཔ་ཨིན།
ཨང་ | རྩ་བའི་སློབ་ཚན། | ཡན་ལག་སློབ་ཚན། | ཡན་ལག། |
༡ | ཀཱ་རི་ཀ | ངག་སྒྲོན། | གར་འཆམས། |
༢ | རྒྱལ་སྲས་ལག་ལེན། | ལེགས་བཤད་ལྗོན་དབང་། | གཏོར་བཟོ། |
༣ | བཤེས་སྤྲིངས། | རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ | ཡིག་དཀར། |
༤ | རི་མོ། | ||
༥ | ཨིན་སྐད། |
༈ མ་འོངས་པའི་ལས་སྣ་དང་འཆར་གཞི།
ད་ལྟོ་ཚུན་ཚོད་ལས་འཆར་ག་ཅི་བརྩམས་རུང་ འབྲུག་རྒྱལ་པོ་ཡབ་སྲས་ཚུ་དང་། ༧སྐྱབས་རྗེ་སྒང་སྟེང་རིན་པོ་ཆེའི་བཀའ་དགོངས་ལྟར་འབད་དོ་ཡོདཔ་ལས། ད་ལས་ཕར་ཡང་གོངམ་བཀའ་དྲིན་ཅན་ཚུ་གི་ཐུགས་ཀྱི་དགོངས་བཞེད་དང་། གཞུང་ཞབས་ཀྱི་སྲིད་བྱུས་ལམ་ལུགས་ལས་མ་འགལ་བར་གཞིར་བཟུང་ཐོག །སྒོམ་སྡེ་ནང་ལུ་སློབ་ཕྲུག་གྲངས་ཡར་གསེང་རྐྱབ་ཞིནམ་ལས། སྒོམ་སྡེའི་མཐོ་རིམ་བཤད་གྲྭ་གཞི་འཛུགས་འབད་དེ། རིག་གནས་དང་གཞུང་ཆེན་མདོ་སྔགས་གཉིས་ལུ་སྦྱངས་བརྩོན་འབད་ཚུགས་པའི་གོ་སྐབས་བཟོ་ནིའི་འཆར་གཞི་འདུག །དེ་ལས་ད་ལྟོ་གསར་བཞེངས་ཡོད་པའི་བཀའ་བརྒྱད་ལྷ་ཁང་ནང་ལུ། མངའ་བདག་རིན་པོ་ཆེ་དང་། ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེའི་དགོངས་བཞེད་ལྟར། བཀའ་བརྒྱད་ཀྱི་ལྷ་ཚོགས་དང་། རྒྱ་གར་ལུ་བཀའ་བརྒྱད་ལུ་གྲུབ་པ་བརྙེས་པའི་རིག་འཛིན་ཆེན་པོ་བརྒྱད། བོད་ཀྱི་རྗེ་འབངས་ཉེར་ལྔ། རིག་འཛིན་པད་གླིང་བརྒྱུད་པའི་བཀའ་བརྒྱད་ལུ་གྲུབ་པ་བརྙེས་པའི་བླ་བརྒྱུད་ཚུ་བཞེངས་ནིའི་འཆར་གཞི་ཡོདཔ་ཨིན་མས།
༈ བཀའ་བརྒྱད་གཙུག་ལག་ཁང་གསར་བཞེངས་ཀྱི་ལོ་རྒྱུས་མདོར་བསྡུས།
བཀའ་བརྒྱད་གཙུག་ལག་བཞེངས་དགོས་པའི་རྒྱུ་རྐྱེན། དེ་ཡང་འབྲུག་མིའི་ནོར་བུ་ ༸མངའ་བདག་རིན་པོ་ཆེ་བཙུན་མོ་དང་བཅས་པ་སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་འགོ་དང་པ་ཙཀྐླིང་ལུ་ཕེབས་པའི་སྐབས། སྒོམ་སྡེའི་ལུགས་སྲོལ་ལུ་ཚེས་བཅུའི་གར་འཆམས་ནང་ལས་གཙོ་བོ་ཅིག་ཨིན་མི་རྒསཔོ་དང་རྒནམོ་གཉིས་ལག་པར་དམ་ཚིག་དང་གཙང་བའི་ཁ་དར་རེ་བཟུང་ཞིནམ་ལས། མངའ་བདག་རིན་པོ་ཆེ་མཆོག་ལུ་ སང་ཕོད་ཀྱི་དུས་ཚོད་དེ་ཅིག་ཁར། ང་བཅས་མི་སེར་གྱི་དོན་ལུ་རྒྱལ་སྲས་གཅིག་འཁྲུངས་དགོ་ཟེར་དངོས་སུ་ཞུཝ་དང་གཅིག་ཁར་ སྨོན་ལམ་ཡང་བཏབ་གནང་ནུག །དེ་ལས་སྤྱི་ལོ་ ༢༠༡༦ ཀྱི་སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་སྐུ་འཁྲུངས་ནུག །
གནད་དོན་འདིའི་སྐོར་ལས། མངའ་བདག་རིན་པོ་ཆེ་མཆོག་སྤྱི་ལོ་ ༢༠༡༨-སྤྱི་ཟླ་ ༡ པའི་ཚེས་ ༡༤ ལུ་ཙཀྐླིང་ལུ་ཐེངས་གཉིས་པ་བྱོན་པའི་སྐབས། མངའ་བདག་རིན་པོ་ཆེ་རང་གིས་ཞལ་ལས་དངོས་སུ་ཐུགས་མཉེས་པའི་གསུང་བཤད་གནང་ནུག །དེ་དང་འབྲེལ་ཏེ་ལྷ་ཁང་རྙིངམ་འདི་གི་སྦོ་ལོག་ཁར་གཙུག་ལག་ཁང་གསརཔ་ཅིག་བཞེངས་དགོ་པའི་སྐོར་ལས། མཁན་པོ་འཇིགས་མེད་དབང་ཕྱུག་ལུ་བཀའ་གནང་ཞིནམ་ལས། མཁན་པོ་མཆོག་གིས་འགོ་འདྲེན་ཐོག་སྤྱི་ལོ་ ༢༠༡༩ དབྱིན་ཟླ་ ༡༢ ཚེས་ ༡༧ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ལས་བཟུང་འགོ་བཟུང་གཞི་འགྱམ་བཙུགས་ཏེ། ད་རེས་ལྷ་ཁང་གི་ཕྱིའི་བཟོ་བཀོད་ཚུ་གྲུབ་ཚར་ནུག །
བཀའ་བརྒྱད་ལྷ་ཁང་འདི་ཕྱི་ལས་ཆོས་ལོངས་སྤྲུལ་གསུམ་མཚོན་བྱེད་ལུ་ཐོག་གསུམ་གྱི་རྣམ་པ་དང་། ནང་ན་ལས་ཐོག་གཅིག་སྦེ་ཞེང་ཚད་ཕིཊ་ ༦༠ ལྷགཔ་ཅིག་འདུག །ལྷ་ཁང་འདིའི་ཕྱིའི་དབྱིབས་ཟུར་བརྒྱད་འདི་ཡི་དམ་སྒྲུབ་པ་བཀའ་བརྒྱད་མཚོན་བྱེད་ཨིནམ་ད། ཟུར་རེ་ལུ་རླུང་རྟ་རྒྱས་ནིའི་དོན་ལས་སྟག་སེང་ཁྱུང་འབྲུག་གི་འདྲ་བརྙན་ལ་སོགས་པ་གིས་བརྒྱན་ནུག ། ༈ ནང་རྟེན་ཡང་། གཙོ་བོ་ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས། རྒྱམ་ཐོག་ལུ་སྤྲུལ་པའི་གུ་རུ་མཚན་བརྒྱད། རྒྱམ་ཐོག་གོང་མའམ་རྒྱ་ཕིབ་དབུ་རྩེ་ནང་ལུ་རྒྱལ་བ་རིགས་ལྔ་ཚུ་བཞེངས་ནི་ཨིན་མས།
བཀའ་བརྒྱད་གཙུག་ལག་བཞེངས་དགོས་པའི་དམིགས་ཡུལ། སྤྱིར་འཛམ་བུ་གླིང་དང་། ཁྱད་པར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ཕྱིའི་དམག་འཁྲུག་དང་ནད་ཡམས་མུ་གེ་ཚུ་བཟློག་ཐབས་ལུ་སྐུ་གསུང་ཐུགས་རྟེན་བཞེངས་ནི་དེ་ཆོས་ཕྱོགས་ཁ་ཐུག་གི་ལས་འགན་གཙོ་བོ་ཅིག་ཨིན་མས།
ད་རེས་ཙཀྐླིང་ལུ་བཀའ་བརྒྱད་ལྷ་ཁང་བཞེངས་དགོ་པའི་དམིགས་ཡུལ་གཙོ་བོ་རང་། འབྲུག་ཤར་ཕྱོགས་རྫོང་ཁག་ནང་འཁོད་ལུ་རིག་འཛིན་པད་གླིང་ལུགས་ཀྱི་གཏེར་ཆོས་ཚུ་འགྲོ་དོན་ཆེ་བའི་ཁར། ཁྱད་པར་དུ་བུམ་ཐང་དཀོན་མཆོག་གསུམ་ལྷ་ཁང་གི་རྒྱབ་ལྷ་བྲག་ལས་གདན་འདྲེན་པའི་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་འདི་འགྲོ་དོན་དར་ཁྱབ་སྦོམ་སྦེ་ཡོདཔ་ཨིན་མས།
ཨིན་རུང་སྒྲུབ་པ་ཆེན་པོ་བཀའ་བརྒྱད་འདི། སྒྲུབ་སྡེའི་ཉམས་ལེན་མིན་པར་གནས་སྐབས་ནད་རིམ་སེལ་བའི་རྐྱེན་སེལ་རིམ་གྲོ་བཟུམ་ཅིག་ལུ་བརྩིས་ཏེ་ཡོད་པའི་མནོ་བསམ་གཏང་ཐངས་གྱི་ལོག་རྟོག་སེལ་ཐབས་དང་། དེ་མ་ཚད་གསང་སྔགས་རྙིང་མའི་ལུགས་ཀྱི་ཆོས་ག་ཅི་ཉམས་སོང་རུང་བཀའ་བརྒྱད་འདི་ཉམས་བཅུག་ནི་མི་འོང་ཟེར་བའི་མཚན་ལྡན་བླ་མའི་ཞལ་རྒྱུན་ཡོད་དོ་བཟུམ་སྦེ། ཡི་དམ་སྒྲུབ་པ་བཀའ་བརྒྱད་འདི་རྙིང་མའི་ལུགས་ཀྱི་སྒྲུབ་ཐབས་གཙོ་བོ་ཅིག་ཨིནམ་ལས་བརྟེན་ཏེ་ སྒྲུབ་སྡེའི་འགྲོ་དོན་ལྷག་པར་དུ་བྱུང་སྟེ་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་བདེ་བའི་ལམ་ལུ་བཀོད་ཚུགས་པའི་ཐབས་རྟེན་འབྲེལ་དང་། གཡུས་འདི་གིས་གཙོས་པའི་རྒྱལ་ཁབ་དང་འཛམ་བུ་གླིང་ནང་ལུ་ནད་རིམས་དང་དམག་འཁྲུག་ཚུ་ཞི་སྟེ། དགའ་སྐྱིད་ཞི་བདེ་བྱུང་ཐབས་ལུ་དམིགས་ཏེ་བཞེངས་དོ་ཡོདཔ་ཨིན་མས།
ད་རུང་དེ་གིས་མ་ཚད་པར་སྒོམ་སྡེའི་ལྷ་ཁང་འདི་རྒྱ་ཆུང་བའི་སྟབས་ཀྱིས་བཀའ་བརྒྱད་ཀྱི་སྒྲུབ་ཆེན་ཚོགས་པའི་སྐབས་དང་། མཁའ་འགྲོའི་བསྐང་བཤགས་འཚོགས་པའི་སྐབས། མཆོད་བཤམས་ནང་ལུ་དཀྱིལ་འཁོར་དང་བཅའ་ཤོམ་བསྒྲིག་ནིའི་ས་སྒོ་དོགས་པའི་ཁར། གྱལ་ཁར་ལུ་བླམ་ཆོསཔ་བཞུགས་སའི་ས་ཁོངས་ཆུང་དྲགཔ་ལས། ༸མི་དབང་མངའ་བདག་རིན་པོ་ཆེ་མཆོག་དངོས་སུ་ཞབས་ཀྱིས་བཅགས་ཏེ་གཟིགས་ཞིནམ་ལས་ལྷ་ཁང་གསརཔོ་ཅིག་བཞེངས་དགོ་པའི་བཀའ་ཁྱབ་བཟང་པོ་བསྩལ་གནང་ནུག །
༈ བཀའ་བརྒྱད་གཙུག་ལག་ཁང་བཞེངས་པའི་ལས་འགུལ་འཛིན་སྐྱོང་གནང་མི་གཙོ་བོ། མཁན་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་མཆོག་དང་། ལས་འགུལ་འཛིན་སྐྱོང་གི་ཚོགས་པ་ཡང་རྒེད་འོག་ཁྲི་འཛིན་གྱིས་གཙོས་སྒོམ་སྡེའི་འཚོགས་པ་མི་བདུན་བཅས་ཀྱིས་སྦེ་གནང་ཡོདཔ་ཨིན།
༡ མཁན་རིན་པོ་ཆེ་འཇིགས་མེད་དབང་ཕྱུག །
༢ སློབ་དཔོན། རིན་ཆེན་སྟོབས་རྒྱས།
༣ རྒེད་འོག་ཁྲི་འཛིན། ཀརྨ་བསོད་ནམས་དབང་ཕྱུག།
༤ རྡོ་རྗེ་སློབ་དཔོན་ཉོས་ཉིད་བསྟན་འཛིན།། སྒོམ་སྡེ།
༥ སྒོམ་སྡེའི་གཉེར་པ། ཀརྨ་རྒྱ་མཚོ།
༦ སྒོམ་སྡེའི་སྐུ་དྲུང་། མི་འགྱུར་ཚེ་དབང་།
༧ དྲུང་ཡིག་ བསོད་ནམས་ལྷུན་གྲུབ།
༨ འཆམས་དཔོན། ཚེ་དབང་རིག་འཛིན།
ཡིག་ཆ། གདན་འཛིན་བླ་མ་རིམ་བྱོན་གྱི་རྟོགས་བརྗོད་སྙིང་བསྡུས་མུ་ཏིག་ཕྲེང་མཛེས།
ངག་འདྲི་ཞུ་ས། མཁན་པོ་འཇིགས་མེད་དབང་ཕྱུག +975- 17659356
[1] ཀྲོང་གསར། བུམ་ཐང་། མོང་སྒར། བཀྲ་ཤིས་སྒང་། བཀྲ་ཤིས་གཡང་རྩེ། ལྷུན་རྩེ། པདྨ་དགའ་ཚལ། བསམ་གྲུབ་ལྗོངས་མཁར།
[2] ཡོན་ཏན་ཕུན་ཚོགས, <<ཙ་ཀྐླིང་བསམ་གཏན་ཆོས་གླིང་གི་གདན་རབས>> ( པི་ཏྲི,བཀྲ་ཤིས་ཚེ་དབང་, ༢༠༡༤ ) p. 15