སྒང་སྟེང་གསང་སྔགས་ཆོས་གླིང་དགོན་པའི་ཆགས་རབས།
ཧེ་མ་དུས་རབས་༼༡༥༽པའི་ནང་གཏེར་སྟོན་ཆེན་པོ་རིག་འཛིན་པད་མ་གླིང་པ་༼༡༤༥༠-༡༥༢༡༽མཆོག་སྔན་ལུང་འབྲས་བཅགས་གླིང་ལུ་འབྱོན་པའི་སྐབས་ཕོབ་སྦྱིས་གཡུས་གསར་ལུ་ཕེབས་ཏེ་ཞལ་མར་ལས་ཡར་སྒང་གི་ཕྱོགས་སུ་གཟིགས་ཏེ། “སྒང་ཡ་གི་སྟེང་ན་མ་འོངས་པ་ན་ང་ཡི་གསང་སྔགས་ཀྱི་བསྟན་པ་དར་བར་ཤོག” ཟེར་ཞིང་པ་གཅིག་ལས་ནས་ཀྱི་འབྲས་བླངས་ཏེ་སྨོན་ལམ་གྱི་ཕྱག་འབྲུ་གཏོར་གནང་ཡོདཔ་ཨིན་པས། དེའི་ཚེ་རྗེ་རང་དང་ཕྱག་ཞུ་སྟེ་ཡོད་པའི་དབུ་མཛད་གྲུབ་པ་ཀུན་འདུས་ཀྱིས་བསྟན་པ་དེ་ནམ་དར་འོང་ག་ཟེར་ཞུཝ་ད། ད་ལྟའི་སྐུ་ཚེ་ནང་མིན་པར་མ་འོངས་པའི་སྐུ་ཚེ་ལུ་དར་འོང་ཟེར་གསུངས་ནུག དེ་སྦེ་སྨོན་ལམ་བཏབ་གནང་བའི་འབྲས་བུ་དུས་ལུ་སྨིན་པའི་ཚེ། སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པོ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་༼༡༥༦༤-༡༦༤༢༽བྱོན་ནུག རྒྱལ་སྲས་མཆོག་གིས་སྙིགས་མའི་དུས་ཀྱི་སེམས་ཅན་གདུལ་དཀའ་བ་ཚུ་ཐབས་སྣ་ཚོགས་ཀྱིས་བཏུལ་ནི་དང་། མཐའ་འཁོབ་མུན་པའི་གླིང་ལུ་སངས་རྒྱས་ཀྱི་བསྟན་པ་བཙུགས་ན་སྐྱེ་འགྲོ་ཡོངས་ལ་ཕན་རླབས་ཆེ་བར་དགོངས་པ་བཞིན། གསུང་སྤྲུལ་སྐུ་ཕྲེང་དང་པ་རྒྱལ་བ་བསྟན་འཛིན་གྲགས་པས་ཀྱང་བྱིན་གྱིས་བརླབས་ཏེ་དགོན་པ་བཞེངས་དགོ་པའི་སྐུལ་མ་མཛད་དོ་བཟུམ་སྦེ། རྒྱལ་སྲས་མཆོག་གིས་སྤྱི་ལོ་༼༡༥༩༥༽དེ་ཅིག་ལུ་གཙུག་ལག་ཁང་ཐོག་ཚད་གཅིག་རྟེན་དང་བརྟེན་པར་བཅས་བཞེངས་ཡོདཔ་དང་། ཤུལ་ལས་སྤྱི་ལོ༼༡༦༡༣༽ལུ་ཐོག་གསུམ་ཅན་གྱི་གཙུག་ལག་ཁང་རྟེན་གསུམ་རྒྱལ་བ་རྒྱ་མཚོ་དང་བཅས་པ་ལོ་བརྒྱད་ཀྱི་རིང་ལུ་བཞེངས་གནང་ནུག དེ་བཟུམ་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་ཚེ་ཡང་ཡུལ་གཞན་ལས་འུར་ལ་གི་ལས་རོགས་བཀུག་ནི་མེདཔ་མ་ཚད། བཟོ་བོ་ལ་སོགས་པ་དེ་ཚུ་ཡང་རྗེ་རང་གི་སློབ་མ་ཚུ་གིས་སྒྱུ་མའི་ལུས་ཀྱི་ངལ་བ་ཁྱད་དུ་གསོད་དེ་རྗེའི་དགོངས་པ་དང་མཐུནམ་སྦེ་བཞེངས་གནང་ནུག དེ་ལས་རྒྱལ་སྲས་པད་མ་འཕྲིན་ལས་ཀྱི་སྐུ་སྐྱེས་སྒང་སྤྲུལ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་༼༡༦༤༥-༡༧༢༧༽མཆོག་བྱོན་ཏེ་མ་འོངས་པ་ན་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་པད་གླིང་ཡབ་སྲས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ལེ་ཤ་འབྱོན་ནི་ཨིནམ་མཁྱེན་ཏེ། གཙུག་ལག་ཁང་གི་བཀོད་པ་སྔར་བས་ལྷག་པར་མཛེས་ཤིང་ཡིད་དུ་འོང་བ་ཆ་མཉམ་གྱིས་དཔེ་བལྟ་བཏུབ་སྦེ་བཟོ་ནིའི་དོན་ལུ་སྤྱི་ལོ་༼༡༧༠༤༽ལུ་སྔར་གྱི་གཙུག་ལག་ཁང་ཀ་བ་བཅུ་བཞི་ཡོད་མི་འདི་རྒྱ་ཚད་དང་ཆེ་ཆུང་གི་ཚད་རན་ཏོག་ཏོ་མེད་པའི་ཁར་ཕྱིའི་བཀོད་པ་རྒྱ་ཆེ་བ་ཟུར་བཅུ་གཉིས། ནང་གི་ཀ་ཆེན་བཅོ་བརྒྱད་དང་འདུ་ཁང་མགོན་ཁང་སོགས་སྔར་ལས་ལྷགཔ་སྦེ་རྒྱ་སྐྱེད་མཛད་ཡོདཔ་ཨིནམ་པས། ཡང་ཕྱིས་སུ་སྤྱི་ལོ་༼༡༧༡༤༽ལུ་ས་ཡོམ་བྱུང་བའི་རྐྱེན་ལས་ཉམས་ཆག་ཤོར་སོང་མི་དེ་ཡང་རྒྱལ་སྲས་རང་གིས་སླར་ཡང་ཉམས་བཅོས་མཛད་གནང་ནུག
༼ཕྱི་ས་ཡི་བཀོད་པ་ཆགས་ཚུལ།༽
སྒང་སྟེང་གསང་སྔགས་ཆོས་གླིང་གི་ཕྱི་སའི་བཀོད་པ་འདི་ཡང་། ཤར་ཕྱོགས་ལུ་བུམ་ཐང་དགེ་གནས་ཀྱི་གཙུག་ལག་ཁང་དང་། ལྷོ་ཕྱོགས་མོན་ཡུལ་ནམ་མཁའ་རྫོང་། ནུབ་ཕྱོགས་ཕྲིན་ལས་དྲག་པོའི་གནས་མཆོག་སྤ་གྲོ་སྟག་ཚང་། བྱང་ཕྱོགས་ལུ་གུ་རུའི་སྒྲུབ་གནས་གནམ་ཐང་ལུག་གི་ཕུག་སོགས་ཨོ་རྒྱན་གུ་རུའི་སྦས་གནས་བྱིན་རླབས་ཅན་ཚུ་གི་སྦུག་ལུ་སྔན་ལུང་སྒང་སྟེང་དགོན་པ་ཞེས་ཡོངས་སུ་གྲགས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དར་ཏེ་ཡོདཔ་ལས་དགོན་པའི་མིང་ལུ་གསང་སྔགས་ཆོས་གླིང་ཟེར་སྨན་ལྗོངས་ས་ཡི་ལྟེ་བ་ལུ་དབང་འདུས་ཕོ་བྲང་ལས་དུས་ཡུན་ཀི་ལོ་མི་ཀྲར་ ༦༥.༨ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ས་ཆ་དེ་ཡང་མར་གཤོང་ནང་ལས་ཡར་མནྜལ་གྱི་ཚོམ་བུ་བཀོད་པ་དང་འདྲཝ་སྦེ་འབུར་དུ་འཐོན་ཏེ་ཆགས་ཡོད་མི་འདི། ཐེག་པ་དམན་པའི་གྲུབ་མཐའ་ཚུ་ལས་ཁྱད་པར་དུ་འཕགས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་བའི་གནས་ཨིན་པའི་མཚོན་བྱེད་ཨིན།
དགོན་པ་དེའི་མཐའ་འཁོར་ལུ་ལ་ཆེན་དགུ་དང་དེ་ཚུ་ལས་ལམ་རེ་ཡོད་མི་ཚུ་ག་ཏེ་ལས་འོང་རུང་སྒང་སྟེང་དགོན་པ་ལྷོད་ཚུགས་དོ་ཡོད་མི་འདི། གང་ཟག་རང་རང་སོ་སོ་ཐེག་པ་རིམ་པ་དགུའི་ལམ་ག་ལས་འཇུག་རུང་མཐར་ཐུག་གི་འཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཚུགས་པའི་བརྡ་མཚོན་ལུ་ཨིན་མས། ལ་དགུ་འདི་ཡང། ཤར་སིལ་ལ། ལ་འོག་ལ། བྱི་ཅི་ལ། ཚ་ལི་ལ། ལམ་སེལ་ལ། བགྱིད་ཅན་ལ། ཨ་ད་བཀྲིས་ལ། ཚལ་ལི་ལ། བཅོམ་ལྡན་ལ་ཚུ་ཨིན། དགོན་པ་འདི་ནང་ལུ་ཆོས་སྤྱོད་སྐལ་ལྡན་རྣམས་ཉོན་མོངས་པའི་ཚ་གདུང་རང་བཞིན་གྱིས་ཞི་ཚུགས་པའི་རྟེན་འབྲེལ་ལུ་ས་ཆ་འདི་ནང་ལུ་གདུག་སྦྲུལ་དང་པདཔ་གཟན་དོམ་སོགས་དང་གཅན་གཟན་གྱི་གནོད་ཉེན་གང་ཡང་མེདཔ་ཨིན། ས་ཆ་འདི་གི་ནམ་མཁའ་རྒྱ་ཆེ་ཞིང་གནམ་འཁོར་ལོ་རྩིབ་བརྒྱད་སྦེ་ཡོདཔ་དང་། ས་གཞི་ཁོད་སྙོམ་ཞིང་པདྨ་འདབ་མ་ཁ་རྒྱས་པ་ལྟར་དུ་ཡོད་མི་འདི། གནས་འདི་ནང་གི་རང་བཞིན་རྫོགས་པ་ཆེན་པའི་ཆོས་སྤྱོད་རྣལ་འབྱོར་པ་ཚུ་ཕྱོགས་ལྷུང་མེད་པའི་ལྟ་བ་དང་སྤང་བླང་མེད་པའི་སྤྱོད་པ་སྐྱོང་སྟེ་བྱང་ཆུབ་སེམས་ཀྱིས་འགྲོ་བ་ཚུ་ལུ་སེམས་མཉམ་པར་སྒོམ་པའི་བརྡ་མཚོན་ཨིན།
དེ་བཟུམ་སྦེ་སངས་རྒྱས་ཀྱི་མདོ་གནམ་ས་སྣང་བརྒྱད་ཚུ་ནང་ལས་འབྱུང་དོ་བཟུམ་སྦེ། གཙུག་ལག་ཁང་འདིའི་ཕྱོགས་བཞི་ལུ་ཡང་ས་བདག་གི་སྒོ་ཆེན་བཞི་ཟེར་བརྩི་སྲོལ་ཡོད། ཤར་ཕྱོགས་ལུ་སྟག་སྐྱ་བོ་གླང་ལེགས་གངས་ཀྱི་ལམ་དཀར་པོའི་ནང་རི་སྟག་གི་ལྤགས་ཀོའི་རི་མོ་དང་འདྲ་བའི་རི་དང་ལྗོན་ཤིང་ནགས་དང་རྩི་ཤིང་སྔོ་ལྗང་ཚུ་གིས་བརྒྱན་ཏེ་ཡོད། གཉིས་པ་ལྷོ་ཕྱོགས་ལུ་གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས་ལུ་འགྲན་པའི་གཙང་ཆབ་སྔོན་མོའི་ཆུའི་རྒྱུན་གཙུག་ལག་ཁང་འདི་གི་འོག་ལས་བྱུང་བའི་གཙང་པོའི་ཡོན་ཆབ་འབྲུག་གི་རི་མོ་རྣམ་པར་བཀྲ་བའི་ཁར་ཡངས་ཤིང་རྒྱ་ཆེ་བ་ཐང་ལས་མར་དལ་གྱིས་བརྒྱུད་དེ་འགྱོ་བའི་ཆུ་མོ་འདི། ཡོངས་གྲགས་ལུ་སྦུལ་ཆུ་སྒང་གི་ཆུ་ཟེར་གཙུག་ལག་ཁང་དེའི་མཇུག་ལས་མར་ཡོད་མི་འདི་ཨིན། གསུམ་པ་ནུབ་ཕྱོགས་ལུ་ལྷ་བྱ་དམར་པོ་སྤྲ་བ་ནང་གི་བྲག་དམར་བཙན་བྱེད་ལ་ཟེར། གཙུག་ལག་ཁང་འདིའི་ནུབ་ཕྱོགས་ལུ་རང་བཞིན་དགའ་བའི་ཚལ་དང་གཉིས་སུ་མེད་པའི་ལོགས་ལུ་ལྗོན་ཤིང་དང་བྲག་རི་བྱ་དང་བྱེའུ་ཚུ་ཡང་ཆོས་སྒྲ་སྒྲོག་པའི་ཚུལ་ལུ། བྲག་བྱ་པོད་དང་འདྲ་བ་རྩེ་མོ་གནམ་ལུ་རེག་དོ་བཟུམ་ཡོདཔ་ཨིན། བཞི་པ་བྱང་ཕྱོགས་སུ་རུས་སྦལ་ནག་པོ་ཙི་ཙི་ལའི་སྤོམ་ཟེར་ཡར་སྟོད་སྒང་བྲག་ལུ་རིགས་ལྔའི་རྣམ་པ་ཅན་གྱི་སྐུ་འབུམ་ཕྲག་རྒྱས་བཏབ་པའི་ཞིང་དང་འདྲ་བའི་བསམ་གཏན་གླིང་གི་སྒྲུབ་སྡེ་བཞུགས་ཡོད་པའི་འོག་ལུ། ལོངས་སྤྱོད་ཟད་པ་མེད་པའི་རིན་ཆེན་གྱི་གཏེར་བཟུམ་ཡོད་པའི་ཚུལ་ལུ་ག་གིས་མཇལ་ཏེ་འབད་རུང་རུས་སྦལ་དངོས་སུ་མཐོང་བ་དང་ཁྱད་པར་མེདཔ་ཆ་བཞག་ཚུགས་པའི་རུས་སྦལ་དང་འདྲ་བའི་སྤོག་ཏོ་ཅིག་གནས་ཆེན་འདིའི་བྱང་ཁ་ཐུག་ལུ་ད་ལྟོ་བར་ན་ཡང་མཇལ་ས་ཡོད་མི་འདི་ཡོངས་གྲགས་ལུ་སྐུ་འབུམ་བྲག་ལུ་འགྱོ་སའི་ལམ་ཁར་སྤྱི་སི་སྤོག་ཏོག་ཟེར་མི་འདི་ཨིན་པས། སྒོ་ཆེན་བཞི་པོ་དེ་ཡང་གདན་ས་འདིའི་ཕྱོགས་བཞི་ལུ་ཐད་ཀར་སྦེ་ཕོག་དོ་ཡོདཔ་ཨིན་ནོ།།
༼ལྷ་ཁང་ཕྱི་ནང་གི་བཟོ་བཀོད་ཀྱི་སྐོར།༽
སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ཕྱི་ནང་གི་བཀོད་པ་ཚུ་ཡང། ཕྱི་ལྟར་དུ་བསྐྱེད་པ་མཧཱ་ཡོ་གའི་དགོངས་པའི་དཀྱིལ་འཁོར་གྱི་ཚུལ་དང། ནང་ལྟར་དུ་ལུང་ཨ་ནུ་ཡོ་གའི་དགོངས་པ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་ཚུལ། གསང་བ་ལྟར་དུ་རྫོགས་པ་ཆེན་པོ་མན་ངག་ཨ་ཏི་ཡོ་གའི་དགོངས་པ་ལྷུན་གྲུབ་རང་གསལ་གྱི་འཁོར་ལོའི་ཚུལ་དུ་བཞེངས་ཡོདཔ་དང། ཐེག་པ་རིམ་པ་གསུམ་གྱི་ལམ་རིམ་ཚང་ལ་མ་ནོར་བར་མཐར་ཐུག་ཐེག་པ་གཅིག་གི་འབྲས་བུར་གནས་པའི་བརྡ་མཚོན་ལུ་ལྷ་ཁང་ནང་ལུ་ཡ་ཐོག་རིང་མོ་གཅིག་གི་ཕྱི་ཁར་ཐོག་གསུམ་བརྩེགས་དང། རྟེན་འབྲེལ་བཅུ་གཉིས་ཀྱི་དོན་མ་ནོར་བར་རྟོགས་པའི་ཐབས་ལུ་ཟུར་བཅུ་གཉིས། འོག་ཐོག་ལུ་སྔར་ལྷ་ཁང་གཙོ་བོའི་ཀ་ཆེན་བཅུ་བཞི་ཨིན་རུང་། ཕྱིས་སུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོན་རང་ཆས་སུ་ཡོད་པའི་བརྡ་མཚོན་སྦེ་འདུ་ཁང་ནང་ཀ་ཆེན་བཅོ་བརྒྱད་གསར་བཙུགས་གནང་ཡོདཔ་ཨིན། བར་ཐོག་ལྷོ་ཕྱོགས་ཁ་ཐུག་ལུ། སྐྱབས་རྗེ་རིན་པོ་ཆེའི་སྐུ་ཕྲེང་རིམ་པར་བྱོན་པའི་བཞུགས་གནས་གཟིམ་ཅུང་ཀ་གཉིས་མ་ཟེར་གནད་ལུགས་དོན་གྱི་ངོ་བོ་བསྐྱེད་རྫོགས་ཡ་མ་བྲལ་བ་མཚོན་པའི་དོན་ལུ་ཀ་ཆུང་གཉིས་དང་བཅསཔ་སྦེ་ཡོད། ཐོག་གོང་མ་ལུ། མ་ཆེན་ལྷ་ཁང་གི་འཛུལ་སྒོ་ཚུ་གི་ལྟག་ལས་ཕར་ རིག་འཛིན་ཆེན་པོ་པད་མ་གླིང་པའི་ཟབ་ཆོས་སྨན་ལྗོངས་འབྲུག་པའི་རྒྱལ་ཁབ་ལས་གཞན་བོད་ཁ་བ་ཅན་གྱི་ལྗོངས་ལུ་ཡང་དར་ཏེ་ཡོད་པའི་མཚོན་བྱེད་ལུ་པདམ་དང་ཆོས་བརྩེགས་ཀྱི་པ་ཏྲའི་དབྱིབས་བཟོ་ཚུ་ཡང་བོད་པའི་ལུགས་སྲོལ་དང་ཆ་འདྲཝ་སྦེ་གནང་ཡོདཔ་དང་གཞན་པ་ཏྲ་ཚུ་རང་ལུགས་མི་ཉམས་སྲུང་སྐྱོབ་དང་བསྐྱེད་པ་མཧཱ་ཡོ་གའི་དཀྱིལ་འཁོར་དང་བསྟུན་པ་སྦེ་བརྐོས་ཡོད། གཞན་ཡང་རྗེ་སྐུ་ཕྲེང་གཉིས་པ་རང་ཉིད་ཀྱིས་ཉི་མའི་ཟེར་དང་བསྟུན་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་དངོས་སུ་མཇལ་ཏེ་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་ཉམས་ལེན་མཛད་ས་གཟིམ་ཅུང་ཤར་རི་མ་དང་ནུབ་རི་མ་ཟེར་གཉིས་ཡོདཔ་ཨིན། མདོར་ན་དག་པའི་སྣང་བ་ལུ་ཟངས་མདོག་དཔལ་རི་དངོས་སུ་སྦེ་མཇལ་ཚུགས་པའི་གཙུག་ལག་ཁང་འདིའི་ཕྱི་ཁར་ཡང་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན། མཐུན་པ་སྤུན་བཞི། སྟག་སེང་ཁྱུང་འབྲུག་དྲྭ་བ་དྲྭ་ཕྱེད་ཚུ་གི་པ་ཏྲ་གིས་བརྒྱན་པའི་ཟུར་རེ་རེ་ལུ་སྟག་སེང་ཁྱུང་འབྲུག་གི་ཞལ་འབག་གི་ཐོག་ལུ་ནོར་བུ་བ་གམ་བརྩེགས་ཏེ་འོག་མིན་གཉིས་པ་དང་འགྲན་ཏེ་ཡོདཔ་ཨིན།
ནང་རྟེན་གྱི་སྐོར།
ལྷ་ཁང་གི་འོག་ཐོག
གཙུག་ལག་ཁང་གི་ཐོག་འོག་མའི་༡གཙང་ཁང་ནང་ལུ་སྐུ་རྟེན་གཙོ་བོ། སངས་རྒྱས་རབ་བདུན་ཏེ། དབུས་སུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་དང་། གཡས་ཀྱི་དང་པ་རྣམ་པར་གཟིགས། གཉིས་པ་འཁོར་བ་འཇིགས། གསུམ་པ་གསེར་ཐུབ། གཡོན་གྱི་དང་པོ་ན་གཙུག་གཏོར་ཅན་དང། གཉིས་པ་ཐམས་ཅད་སྐྱོབ། གསུམ་པ་འོད་སྲུང་བཅས་བཞུགས་ཡོད། མཐའ་འཁོར་དུ་ཉེ་བའི་སྲས་བརྒྱད་དང་དེའི་གཡོན་དུ་ཁྲོ་བོ་རྟ་མགྲིན་དང་། གཡས་སུ་ཕྱག་རྡོར་གྱི་སྐུ་འདྲ་དང་། ཐུགས་རྟེན་པད་འཕྲིན་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱི་སྐུ་གདུང་བྱང་ཆུབ་མཆོད་རྟེན་དང་། བསམ་པ་ལྷུན་གྲུབ་ཀྱི་མཐོང་གྲོལ་ཆེན་མོ་བཅས་ཡོད།
༢འདུ་ཁང་ནང་ལུ། གུ་རུ་སྣང་སྲིད་ཟིལ་གནོན་ཀྱི་སྐུ་འདྲ་དང། ལྡེབས་རིས་ཡང་། བྱང་ཕྱོགས་སུ་གུ་རུ་མཚན་བརྒྱད་དང་སྟོན་པ་ཐུབ་པའི་དབང་པོ། ཤར་ཕྱོགས་སུ་སྒྲོལ་མ་ཉི་ཤུ་རྩ་གཅིག་དང་ཡི་དམ་ཕུར་པའི་ལྷ་ཚོགས། ༼ཡི་དམ་ཕུར་པའི་ལྷ་ཚོགས་ཀྱི་གཙོ་བོའི་ཕྱག་ལུ་འོག་ཕུར་པ་དང་སྟོད་རི་རབ་གླིང་གཞི་བང་རིམ་དང་བཅས་པའི་ཕུར་པའི་ཕྱག་མཚན་དང་བཅས་པ་ཡོད་མི་འདི་ཡང་སྐྱབས་རྗེ་རིན་པོ་ཆེའི་ཞལ་བཀོད་ལྟར་བཞེངས་ཡོདཔ་ཨིན།༽ ལྷོ་ཕྱོགས་སུ་མཁའ་འགྲོ་རྡོ་རྗེ་ཕག་མོ་དང་པད་གླིང་བླ་རྫོགས་ཐུགས་གསུམ་ལས་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ། ནུབ་ཕྱོགས་སུ་རྒྱལ་བ་༸སྒང་སྟེང་སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་ཚུ་གི་ལྡེབས་རིས་ཚུ་ག་ནི་བ་གཟི་བྱིན་ཆེ་ཏོག་ཏོ་སྦེ་བཞུགས་ཏེ་ཡོདཔ་མ་ཚད་འདུ་ཁང་གི་ཀ་ཆེན་ཚུ་གི་ཐོག་ལུ་ཡང་བྱང་ཆུབ་ལྟུང་བཤགས་དང་མཆོད་པའི་ལྷ་མོ་གིས་བརྒྱན་ཏེ་ཡོདཔ་ཨིན།
ལྷ་ཁང་གི་བར་ཐོག
༣ཤར་ཕྱོགས་སུ་ལྷ་ཆེན་དབང་ཕྱུག་དང་རྩིའུ་དམར་གྱི་མགོན་ཁང་ཨིནམ་དང་། ཧེ་མ་འབད་བ་ཅིན་གསུང་རྟེན་པད་གླིང་ཆོས་འཁོར་བཅུ་གསུམ་གྱི་ཕྱག་དཔེ་བཞག་ས་ཅིག་འབདཝ་ལས་དཔེ་མཛོད་ཁང་ཟེར་ཡང་ཞུཝ་ཨིན་མས། འདི་ནང་ལུ་ད་རིས་ནངས་པ་སྐྱབས༌རྗེ༌རིན་པོ་ཆེ་མཆོག་གིས་པད་གླིང་ཆོས་འཁོར་ནང་རྟེན་དང་བཅས་པ་བསྲུང་བའི་སྲུང་མ་མ་གཟའ་དམ་གསུམ་གྱི་བཀའ་ཁྲབ་བཙུགས་གནང་བ་དང་ལྷ་ཆེན་དབང་ཕྱུག་གི་བཀའ་ཁྲབ་དང་ལྡེབས་རིས་ཡང་ཡོདཔ་ལས། ལྷ་ཆེན་དབང་ཕྱུག་དང་མ་གཟའ་དམ་གསུམ་མགོན་ཁང་ཟེར་ཞུཝ་ཨིན།
༤ནུབ་ཕྱོགས་སུ་ཕ་མ་བུ་གསུམ་དང་ཁྱུང་བདུད་ཀྱི་མགོན་ཁང་ཡོདཔ་དང་། དེ་ནང་ལུ་སྐུ་རྟེན་གྱི་གཙོ་བོ་ཕ་དཔེ་ཧར་དང་མ་ཨེ་ཀ་ཛ་ཊི་དང་བུ་དམ་ཅན་རྡོེ་ལེགས་པ་བཅས་ཕ་མ་བུ་གསུམ་དང་ཁྱུང་བདུད་ཀྱི་སྐུ་འདྲ། པད་གླིང་གུ་རུ་དྲག་པོ་ཡབ་ཡུམ་གྱི་སྐུ་འདྲ། སྔགས་སྲུང་ཨེ་ཀ་ཛ་ཊིའི་བཀའ་ཁྲབ་དང་ཁྱུང་བདུད་བཀའ་ཁྲབ་བཞུགས་ཡོད། གཞན་ཡང་ཐང་ཀ་དང་ཙཀླི་སྣ་ཚོགས་དང་ཕྲིན་ལས་ཀྱི་རྟེན་ཕུར་པ་ཁྲོ་ཞལ་གསུམ་ལྡན་སོགས་དང་རོལ་མོའི་བྱེ་བྲག་ཚུ་ཡང་བཞུགས་ཡོདཔ་མ་ཚད། དགྲ་ཆས་ཀྱི་རིགས་དང་སེམས་ཅན་གྱི་མགོ་བརྙན་ཚུ་ཡང་ཡོདཔ་ཨིན།
༥བྱང་ཕྱོགས་གཡས་ལུ་མགོན་པོ་མ་ནིང་ནག་པོའི་མགོན་ཁང་ཆེན་མོ། འདི་ནང་ལུ་མགོན་པོ་མ་ནིང་ནག་པོའི་བཀའ་ཁྲབ་དང་། ཞིང་སྐྱོང་མའི་བཀའ་ཁྲབ་བཞུགས་ཡོདཔ་ཨིན། གཞན་ཡང་དགྲ་ཆས་ཀྱི་རིགས་དང་། པད་འཕྲིན་གཉིས་པ་བསྟན་འཛིན་ལེགས་དོན་གྱིས་ཡ་གཅིག་མེ་འབར་མཚོ་དང་ཡ་གཅིག་དབང་འདུས་ཨ་ཐང་མཚོ་ལས་གཏེར་སྦེ་བཞེས་པའི་གཏེར་བྱོན་རོལ་མོ་འབྲུག་རིས་ཅན། ནུབ་མཚོ་ནག་པ་ཏྲ་ལས་སྤྱན་དྲངས་པའི་རོལམོ་ཚངས་དབྱངས་འབྲུག་སྒྲ། ལུང་བསྟན་གྱིས་བྱོན་པའི་རོལམོ་༼རྣ་རྒྱུན་ལས་སྔོན་ཚེས་བཅུའི་སྐབས་ལུ་གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམས་སྟོན་པའི་ཚེ་ཡ་གཅིག་འཆམས་མགོ་བཙུགསཔ་ད་དང་ཡ་གཅིག་མཇུག་བསྡུ་བའི་ཚེ་བཙོང་པ་འོང་ཡོདཔ་ལས་དེའིི་རྟེན་འབྲེལ་ལུ་དགོངས་ཏེ་རོལ་མའི་མིང་ཡང་མཚན་བརྒྱད་ཚངས་དབྱངས་ཟེར་བཏགས་ནུག།༽ མཚན་བརྒྱད་ཚངས་དབྱངས་ཚུ་ཡང་ཡོདཔ་ཨིན།
༦བྱང་ཕྱོགས་གཡོན་ལུ་ཕྱག་མཛོད་ནང་། སྐུ་རྟེན་གཙོ་བོ་རྣམ་སྲས་ཀྱི་སྐུ་འདྲ་གཅིག་དང་། དེའི་གཡས་ལུ་རྣམ་སྲས་གདུང་དམར་ཅན་དང་། གཡོན་ལུ་བཙུན་མ་དཔལ་ཆེན་མོའི་སྐུ་འདྲ། གནོད་སྦྱིན་རྟ་བདག་བརྒྱད། ཕྱག་རྡོར་དང་དཔལ་རྟ་མགྲིན་གྱི་སྐུ་འདྲ་བཞུགས་ཡོདཔ་ཨིན། ཕྱག་མཛོད་ལྷ་ཁང་ནང་ལུ་ལུག་གི་གཟུགས་བརྙན་གཅིག་ཡོད་མི་འདི་སྔར་པད་གླིང་གཉིས་པ་རྒྱལ་བ་བསྟན་འཛིན་གྲགས་པ་སྐུ་མ་འཁྲུངས་པའི་དུས་ཅིག་ལུ། རྒྱལ་བའི་ཡུམ་ལུག་འཚོ་སྟེ་བཞུགས་པའི་སྐབས་སུ་ཡོད་པའི་ལུག་ཁྱུ་གི་གྲལ་ལས་གཅིག་ཨིནམ་དང་། དེ་ཡང་རྒྱལ་བའི་ཡུམ་ཉིན་དགུང་ཉི་མའི་དྲོད་ཀྱིས་གཉིད་ཀྱི་ཞིང་ཁམས་ལུ་ཞུགས་པའི་ཚེ། ཡུམ་གྱི་མངལ་ནང་ལས་ལུག་ཕརཝ་གིས་ཟ་དོ་ཟེར་བའི་གསུང་བྱོནམ་ལས་ཡུམ་གཉིད་ལས་སངས་ཏེ་གཟིགས་པར་བྱོནམ་ད་ལུག་ཕརཝ་གྱིས་ཟ་སྟེ་ཡོདཔ་ལས་དེའི་ལྷག་ལུས་རུས་པ་དང་མགོ་དེ་ཚུ་ཡུམ་གྱིས་བླངས་ཏེ་བཞག་ཡོད་མི་འདི་ཨིན་ཟེར་བཤད་སྲོལ་འདུག།
ལྷ་ཁང་གི་ཐོག་གོང་མ།
༧ལྷོ་ཕྱོགས་ལུ་མཚན་བརྒྱད་ལྷ་ཁང་ནང་། སྐུ་རྟེན་གྱི་གཙོ་བོ་གུ་རུ་པདྨ་འབྱུང་གནས་ཀྱི་སྣང་བརྙན་དང་། གཡས་གཡོན་ལུ་མཁའ་འགྲོ་ཡེེས་མཚོ་རྒྱལ་དང་མནྡཱ་ར་བ། འཁོར་དུ་གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་མཚན་བརྒྱད་བཞུགས་ཡོདཔ་དང་། མི་ལ་རས་པ་ཞབས་དྲུང་བཅས་གསུམ་བཞུགས། གསུང་རྟེན། ཤོག་ལེབ་དང་པ་གསེར་བྲིས་མའི་རྙིང་མའི་རྒྱུད་འབུམ་དང་བཀའ་འགྱུར། ཐུགས་རྟེན། པད་འཕྲིན་གཉིས་པའི་ཕྱག་བཟོ་ཙན་དན་དམར་པོ་ལས་གྲུབ་པའི་མཆོད་རྟེན་སྡེ་བརྒྱད་ཚུ་བཞུགས་ཡོདཔ་ཨིན།
༨གཟིམ་ཅུང་ཤར་རི་མ་དང་ནུབ་རི་མ་ཟེར་མི་འདི་གོང་བཀོད་ལྟར། སྔར་སྒང་སྟེང་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་ལུ་ཐོད་རྒལ་གཟིགས་སའི་གནས་ཅིག་སྦེ་གསུངས་ཡོད། ཤར་རི་མའི་སྐུ་རྟེན་ནི། སངྱས་སྨན་བླ་མཆེད་བདུན་བཞུགས་ཡོད། ནུབ་རི་མའི་ནང་པད་གླིང་ཡབ་སྲས་གསུམ་གྱི་སྐུ་འདྲ་བཞུགས་ཡོད།
༩ནུབ་ཕྱོགས་ལུ་ཚེ་དཔག་མེད་ལྷ་ཁང་ནང་གི་སྐུ་རྟེན། པད་གླིང་ཚེ་ཁྲིད་རྡོེ་ཕྲེང་བའི་ལྷ་ཚོགས་ཡོངས་རྫོགས་གཙོ་བོ་ཚེ་དཔག་མེད་ཀྱི་སྐུ་འདྲ་དང་། དེའི་གཡས་གཡོན་ཚེ་ལྷ་རིགས་བཞིའི་སྐུ་འདྲ་བཞུགས་ཡོད། ད་རུང་གཡོན་ཁ་ཐུག་ལུ་པད་ཕྲིན་བདུན་པ་ཨོ་རྒྱན་བསྟན་པའི་ཉིན་བྱེད་ཀྱི་སྐུ་འདྲ་དང་། གཡས་ཕྱོགས་ལུ་བླ་མ་ནོར་བུ་རྒྱ་མཚོའི་དཀྱིལ་འཁོར་བློས་བླངས་དང་ཚེ་རིང་མའི་མདོས་སྒྲོམ་དམ་སྦྱར་ཅན་བཞུགས་ཡོད།
༡༠ཤར་ཕྱོགས་ལུ་བླ་མའི་ལྷ་ཁང་། སྐུ་རྟེན་གྱི་གཙོ་བོ་གསེར་བཟང་ལས་གྲུབ་པའི་ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་འདྲ་དང་པད་གླིང་བླ་བརྒྱུད་རྣམས་ཀྱི་སྐུ་འདྲ་བཞུགས་ཡོད། དེ་ཡང་རྒྱུ་སྨན་ལས་གྲུབ་པའི་སྐུ་རྡོེ་སེམས་དཔའ། དགའ་རབ་རྡོེ། ཤྲཱི་སེངྷ། ཡེེས་མཚོ་རྒྱལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་པདྨ་གླིང་པ། ཐུགས་སྲས་ཟླ་བ་རྒྱལ་མཚན། ངག་དབང་བསྟན་འཛིན་གྲགས་པ། ཀུན་མཁྱེན་ཚུལ་ཁྲིམས་རྡོེ། བསྟན་འཛིན་འགྱུར་མེད་རྡོེ། བསྟན་འཛིན་ལེགས་པའི་དོན་གྲུབ། ངག་དབང་ཀུན་བཟང་རྡོེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ཀུན་བཟང་བསྟན་པའི་རྒྱལ་མཚན། བསྟན་འཛིན་གྲུབ་མཆོག་རྡོེ། ཨྱོན་དགེ་ལེགས་རྣམ་རྒྱལ། ཀུན་བཟང་རིག་འཛིན་རྡོེ། ཀུན་བཟང་བསྟན་པའི་ཉི་མ་བཅས་པད་གླིང་བླ་མ་བརྒྱུད་པའི་སྐུ་འདྲ་ཚུ་བཞུགས་ཡོདཔ་ལས་བླ་མའི་ལྷ་ཁང་ཟེར་ཞུཝ་ཨིན། གཞན་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་རྟེན་དང་། ཐུགས་རྟེན་པད་འཕྲིན་གསུམ་པ་ཀུན་བཟང་ཕྲིན་ལས་རྣམ་རྒྱལ་གྱི་གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་དང་། ཙན་དན་ཤིང་གིས་བཟོས་པའི་ཕུར་པའི་ཨེ་ཁྲམ་དང་ཕུར་པ་བརྒྱ་རྩ་བརྒྱད་བཞུགས་ཡོད།
༡༡བྱང་ཕྱོགས་ལུ་མ་ཆེན་ལྷ་ཁང་ནང་ལུ། ནང་རྟེན༌གྱི་གཙོ་བོ་པད་འཕྲིན་དྲུག་པ་བསྟན་པའི་ཉི་མ་མཆོག་གི་སྐུ་གདུང་རིན་པོ་ཆེ་བཞུགས་པའི་གསེར་བཟང་ལས་གྲུབ་པའི་དམར་གདུང་མཆོད་རྟེན་བཞུགས་ཡོདཔ་ལས་མ་ཆེན་ལྷ་ཁང་ཟེར་ཞུཝ་ཨིན། སྐུ་གདུང་མཆོད་རྟེན་གྱི་གཡས་གཡོན་བཞུགས་ཁང་ནང་འཕགས་པའི་གནས་བརྟན་བཅུ་དྲུག་དང་། གཡོན་ལུ་པད་འཕྲིན་བརྒྱད་པ་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་འདྲ། མདུན་ལུ་ཀུན་མཁྱེན་ཀློང་ཆེན་པའི་སྐུ་འདྲ་དང་ཞིང་སྐྱོང་དབང་མོའི་སྐུ་འདྲ་བཞུགས་ཡོད། གཞན་ཡང་གུ་རུ་པདྨ་སམྦྷ་བ་དང་གསུང་སྤྲུལ་དགུ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་འདྲ་བཞུགས་ཡོད། ཐུགས་རྟེན་གསུང་སྤྲུལ་དགུ་པའི་ཕྱག་བཟོ་མཆོད་རྟེན་ཅིག་བཞུགས་ཡོད་དོ།།
༡༢ལྷ་ཁང་གི་གཡོན་ཕྱོགས་ལུ་བཤད་གྲྭ་ལྷ་ཁང་འདི། སྤྱི་ལོ་ ༡༩༨༥ ལོར་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་བསླབ་གསུམ་སྡེ་སྣོད་འཛིན་པའི་འདུས་སྡེ་གསར་དུ་ཕྱག་བཏབ་གནང་བ་དང་འབྲེལ་ ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གིས་དཔལ་སྒང་སྟེང་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་ཟེར་མཚན་གསོལ་གནང་ནུག། ཨིན་རུང་མ་དགོན་འདི་ནང་བཤད་གྲྭའི་ཚོགས་ཁང་གཅིག་མེད་པར་རྒྱལ་ཡུམ་ཞིང་གཤེགས་དམ་པ་ཕུན་ཚོགས་ཆོས་སྒྲོན་མཆོག་ཐུགས་ཀྱིས་མ་བཟོད་པར་རྟེན་གྱི་གཙོ་བོ་ཐུབ་པའི་དབང་པོ་དང་། ཨྱོན་རིན་པོ་ཆེ། རིག་འཛིན་པདྨ་གླིང་པའི་སྐུ་འདྲ་བཅས་ནང་རྟེན་ཁྱད་པར་ཅན་དང་ལྡན་པའི་ལྷ་ཁང་གསར་བཞེངས་ཀྱི་མཐུན་འགྱུར་གྲོགས་རམ་གནང་ཡོདཔ་དང་། དེའི་ལྷན་ཐབས་ལུ་རྒྱལ་ཡུམ་མཆོག་གི་སྐུ་སྒེར་དྲུང་ཆེན་སློབ་དཔོན་ཕུར་པ་རྡོ་རྗེ་མཆོག་གིས་ཡང་ལྷག་བསམ་གྱིས་འཁུར་བླངས་ཏེ་གཙུག་ལག་ཁང་ཕྱི་ནང་གསང་གསུམ་གྱི་མཐུན་རྐྱེན་ཚུ་ལུ་རྒྱུ་སྤུས་ག་ཅིའི་ཐད་ལས་འབད་རུང་རོགས་རམ་མཛད་གནང་ནུག།
༡༣དབུ་རྩེ་ཆེན་མོའི་མཐའ་སྐོར་མདུན་ཕྱོགས་ལུ་འཕགས་པ་མིག་མི་འཛུམ་པ་བཅུ་གཅིག་ཞལ་སྤྱན་རས་གཟིགས་གྱི་ལྷ་ཁང་འདི། ཧེ་མ་སྒང་ཡུལ་ལས་ཨམ་ཆོས་སྒྲོན་དང་དགེ་སློང་ཨ་ཐང་པ་ཟེར་མི་འདི་གིས་བཞེངས་ཏེ་ཕུལ་ཡོདཔ་ལས་ཡོངས་གྲགས་སུ་ཨ་ཐང་པའི་ལྷ་ཁང་ངམ་ལྷ་ཁང་གསརཔ་ཟེར་ཡང་ཞུ་སྲོལ་ཡོདཔ་ཨིན། འདི་ནང་ལུ་དང་པ་རང་རྣམ་དག་སྒོ་གསུམ་གྱི་ནང་ལུ་ སྐུ་རྟེན་ ཐོག་མར་རྟེན་གྱི་གཙོ་བོ་སྨན་འཇིམ་ལས་གྲུབ་པའི་འཕགས་པ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་དང་། གཡས་སུ་སྲས་ནོར་བུ་འཛིན་པ་ཕྱག་བཞི་པ། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ་ཕྱག་བཞི་པའི་སྣང་བརྙན་གསུམ་དང་། བཞུགས་ཁང་གཡས་ཀྱི་སྟེང་ལུ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་འདྲ་དེའི་འོག་ལུ་རྡོ་རྗེ་སེམས་དཔའི་སྣང་བརྙན་དང་། གཡོན་གི་སྟེང་ལུ་འོད་དཔག་མེད་དེའི་འོག་ལུ་རྒྱལ་བ་མི་བསྐྱོད་པའི་སྣང་བརྙན་བཅས་བཞུགས་ཡོད། གསུང་རྟེན་ པར་མ་དབུ་ཏོག་གསེར་བྲིས་མའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་འབུམ་བརྒྱད་སྟོང་པ་མདོ་མང་བདེ་ཆེན་ཞིང་བཀོད་སྨོན་ལམ་ཚུ་ཡོདཔ་ཨིན། ལྡེབས་རིས་ གཡོན་ཕྱོགས་ལུ་ཚེ་ལྷ་རྣམ་གསུམ་དང་གཡས་ཕྱོགས་ལུ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་དྲིན་ཆེན་རྩ་བའི་བླ་མའི་བར་གྱི་རྫོགས་ཆེན་གྱི་བླ་མ་བརྒྱུད་པའི་ལྡེབས་རིས་དང་། རྣམ་དག་སྒོ་གསུམ་གྱི་ཕྱི་ཁར་ ༸སྐྱབས་རྗེ་རིན་པོ་ཆེའི་བཞུགས་ཁྲི་ཡི་རྒྱབ་ལུ་གུ་རུ་མཚན་བརྒྱད་དང་། གཡོན་ལུ་བྱང་ཆུབ་ལྟུང་བཤགས། དེ་ལས་རྒྱལ་བ་འོད་དཔག་མེད་ཀྱི་ཞིང་བཀོད་ལྷ་ཚོགས་དང་། གཡས་ཕྱོགས་ལུ་བར་ཆད་ལམ་སེལ་དང་རྗེ་བཙུན་སྒྲོལ་མ་གུ་རུ་དྲག་པོ་ཚུ་གི་ལྷ་ཚོགས་ཀྱི་ལྡེབས་རིས་ཚུ་མཇལ་ནི་ཡོདཔ་ཨིན།
ལོ་བསྟར་སྐུ་མཆོད་འབུམ་སྡེའི་རེའུ་མིག