འདམ་ཅན་ལྷ་ཁང་འདི། དབང་འདུས་ཕོ་བྲང་ལས་ཀི་ལོ་མི་ཊར་ ༦༥ དང་སྒང་སྟེང་གསང་སྔགས་ཆོས་གླིང་ལས་ཀི་ལོ་མི་ཊར་ ཕྱེད་དང་བཞི་དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད། རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༧༩༠ དེ་ཅིག་ཁར་ཆགས་ཏེ་ཡོད་པའི་ལྷ་ཁང་འདི། སྒང་སྟེང་གསང་སྔགས་ཆོས་གླིང་དང་། སྔན་ལུང་འབྲས་ལྕགས་གླིང་། དེ་བཟུམ་སྦེ་མཁས་དབང་བྱང་ཆུབ་ཆོས་གླིང་ལ་སོགས་པའི་བྱིན་རླབས་ཅན་གྱི་ལྷ་ཁང་དང་དགོན་སྡེ་ཚུ་གིས་མཐའ་སྐོར་ཏེ་ཡོདཔ་ཨིན།
༈ གདན་ས་ཕྱག་བཏབ་པའི་ལོ་རྒྱུས།
ལྷ་ཁང་འདི་དུས་རབས་ ༡༤ པའི་ནང་བྱོན་པའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བསྟན་པ་སྤེལ་བའི་སློབ་མ་བཞིའི་ཡ་གྱལ་སྤྲུལ་སྐུ་དཔལ་འབྱོར་རྒྱལ་མཚན་མཆོག་གིས་གདན་ས་བཏབ་གནང་སྟེ་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་གནང་ནུག །བཤད་སྲོལ་ཅིག་ནང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཆགས་བཏབ་ཡོདཔ་སྦེ་བཤད་རུང་། སྨྱོ་ཤུལ་མཁན་རིན་པོ་ཆེ་གིས་མཛད་པའི་རྫོགས་ཆེན་ཆོས་འབྱུང་ནང་ལུ། “བསྟན་པ་སྤེལ་བའི་བཤེས་གཉེན་བཞིའི་ནང་ཚན་སྤྲུལ་སྐུ་དཔལ་འབྱོར་རྒྱལ་མཚན་ནི་ལྷོ་མོན་དུ་བྱོན། ཕྲིན་ལས་རྒྱ་ཆེར་རྒྱས་ཤིང་ཤར་ཀོ་མ་འཕྲང་བཀྲ་ཤིས་རྩེ་མོ་དང་། སྔན་ལུང་ཕོབ་སྦྱི་ཁར་མཁས་དབང་ལྷ་ཁང་དང་། དམ་ཅན་ལྷ་ཁང་སོགས་བཞེངས” ཟེར་གསུངས་ཏེ་ཡོདཔ་མ་ཚད། ༸སྐྱབས་རྗེ་དགེ་འདུན་རིན་ཆེན་གྱིས་མཛད་པའི་ལྷོ་འབྲུག་ཆོས་འབྱུང་ནང་ལས་ཡང་གསུངས་ཏེ་ཡོདཔ་ལས། ལྷ་ཁང་འདི་སྤྲུལ་སྐུ་དཔལ་འབྱོར་རྒྱལ་མཚན་གྱིས་བཞེངས་བཞེངམ་རང་འོང་ནི་ཨིན་པས།
ལྷ་ཁང་གི་མཚན་ལུ་དམ་ཅན་ལྷ་ཁང་ཟེར་ཡང་བྲི་སྲོལ་ཡོད་མི་འདི། བཤད་སྲོལ་ལུ་ལྷ་ཁང་ནང་ལུ་ནང་རྟེན་གྱི་གཙོ་བོ་དམ་ཅན་རྡོ་རྗེ་ལེགས་པའི་སྐུ་འདྲ་བཞུགས་ཡོད་པའི་རྒྱུ་མཚན་ལས་བརྟེན་དམ་ཅན་ལྷ་ཁང་ཟེར་སླབ་ཨིནམ་སྦེ་བཤད་ནི་འདུག །ཨིན་རུང་ལྷ་ཁང་ནང་ལུ་དམ་ཅན་རྡོར་ལེགས་ཀྱི་སྐུ་འདྲ་ཧེ་མ་ལས་ཡོད་པའི་ལོ་རྒྱུས་མེདཔ་ལས་ལོ་རྒྱུས་འདི་མི་འཐད་ནི་ཨིན་པས། ད་རེས་ནངས་པ་འདམ་ཅན་ལྷ་ཁང་ཟེར་སྔོན་འཇུག་འ་བཙུགས་ཏེ་བྲིས་ནི་འདི་དར་ཁྱབ་སོང་ཏེ་ཡོད། དེ་བཟུམ་སྦེ་ལྷ་ཁང་གི་མཚན་འདམ་ཅན་གོང་མའི་གཙུག་ལག་ཁང་ཟེར་ཡང་ཞུཝ་ཨིན་པས།
ད་རུང་ལོ་རྒྱུས་བཤད་སྲོལ་གཅིག་ནང་ལུ། ལྷ་ཁང་འདི་བྱིན་རླབས་ཅན་ཅིག་དང་རྙིང་ཤོས་ཅིག་ཨིནམ་ལས་གཡུས་མི་ཚུ་གིས་སྤ་གྲོ་སྐྱེར་ཆུ་དང་བུམ་ཐང་བྱམས་པ་ལྷ་ཁང་དང་དབྱེ་བ་མེད་པའི་ཡིད་ཆེས་བསྐྱེདཔ་ཨིན་པས། དེ་མ་ཚད་ལྷ་ཁང་གི་བཟོ་བཀོད་ཚུ་ཡང་གོང་གི་ལྷ་ཁང་གཉིས་དང་ཆ་འདྲཝ་སྦེ་ཡོད་པའི་ལོ་རྒྱུས་གཡུས་མི་རྒན་ཤོས་ཚུ་གིས་གསུངས་ནི་འདུག །རྒྱུ་མཚན་དེ་ལུ་བརྟེན་ལྷ་ཁང་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་བཞེངས་བཞེངམ་ཨིན་ཟེར་ཡང་སླབ་ནི་འདུག །
ལྷ་ཁང་འདི་ནང་སྔོན་བྱོན་གྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་གཏེར་སྟོན་པདྨ་གླིང་པ་དང་། རྒྱལ་བ་བསྟན་འཛིན་གྲགས་པ། སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན། དེ་བཟུམ་སྦེ་གཞན་ཡང་གྲུབ་ཐོབ་དང་བླམ་ལེ་ཤ་ཅིག་གིས་ཞབས་བཅགས་ཏེ་ཐུགས་སྨོན་ཚུ་གནང་པ་མ་ཚད། ལྷག་པར་རིག་འཛིན་པདྨ་གླིང་པ་མཆོག་གིས་སྒང་སྟེང་གསང་སྔགས་ཆོས་གླིང་གི་ལུང་བསྟན་གནང་ས་ཡང་ལྷ་ཁང་འདིའི་ཉེ་འདབས་ལུ་ཨིན་པས། དེ་བཟུམ་སྦེ་ ཁ་རྒྱུན་ལུ་བླམ་སྒང་སྟེངཔ་དང་སྦྱིན་བདག་ཨ་ཐང་པ་ཟེར་དོ་བཟུམ་སྦེ། སྒང་སྟེང་རིན་པོ་ཆེན་སྐུ་ཕྲེང་རིམ་བྱོན་ཚུ་ཨ་ཐང་རུ་ཁ་ཚུ་ནང་བྱོན་སའི་བྱོན་ལམ་ཅིག་འབདཝ་ལས་ལྷ་ཁང་འདི་བྱིན་ཆེ་ཏོག་ཏོ་སྦེ་བརྩིཝ་ཨིན་པས།
༈ ནང་རྟེན་དང་ཉམས་བཅོས་ཀྱི་སྐོར།
ལྷ་ཁང་འདི་ནང་རྟེན་ཡང་། སྐུ་རྟེན་གྱི་གཙོ་བོ་དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་བཞུགས་ཏེ་ཡོདཔ་ཨིན། སྐུ་འདྲ་འདི་ཡང་གདན་ས་བཅགས་པའི་ནམ་དུས་ལས་བཞེངས་བཞེངས་ཅིག་ཨིནམ་ལས་སྨོན་ལམ་གང་བཏབ་འགྲུབ་ཚུགས་པའི་ཡིད་ཆེས་བསྐྱེདཔ་ཨིན། དེ་བཟུམ་སྦེ་ཐུགས་རྟེན་ཡང་ག་ནི་རྩ་ཆེ་བའི་བདེ་གཤེགས་མཆོད་རྟེན་བརྒྱད་ཡང་བཞུགས་ཏེ་ཡོདཔ་ཨིན། ཐོག་ཚད་གཅིག་འབད་མི་ལྷ་ཁང་འདི་ཉམས་ཆགས་ཤོར་ཏེ་སྤྱི་ལོ་ ༢༠༠༤ ལས་ལོག་ཉམས་བཅོས་འབད་ཡོདཔ་མ་ཚད། ལྷ་ཁང་ཡང་ཐོག་ཚད་གཉིས་ལུ་རྒྱ་བསྐྱེད་འབད་ཡོདཔ་ཨིན་པས།
༈ བཤད་གྲྭ་གསར་འཛུགས།
ལྷ་ཁང་འདི་ཧེ་མ་མི་སེར་དམངས་ཀྱིས་བདག་འཛིན་ཐབས་དོ་ཡོད་མི་འདི་སྤྱི་ལོ་ ༢༠༠༨ ལུ་གཡུས་གསར་གྱི་མི་སེར་དང་ཕོབ་སྦྱིས་རྒེད་འོག་གཉིས་མཉམ་འབྲེལ་ཐོག་ལས་སྒང་སྟེང་རིན་པོ་ཆེ་ལུ་ཕུལ་ནུག །དེ་ལས་ཚུར་ལྷ་ཁང་འདི་ནང་སྒང་སྟེང་བཤད་གྲྭ་ལས་བླམ་རེ་བཏང་ཡོདཔ་མ་ཚད། སྤྱི་ལོ་ ༢༠༡༥ ལུ་རིན་པོ་ཆེའི་དགོངས་བཞེད་ལྟར་ བྱང་སྤྲུལ་རིན་པོ་ཆེའི་ཡང་སྲིད་སྤྲུལ་སྐུ་ཚེ་དབང་བསྟན་འཛིན་གྱིས་འགོ་འདྲེན་ཐོག་གཞི་རིམ་བཤད་གྲྭ་གཅིག་སྒོ་འབྱེད་འབད་ཡོདཔ་དང་། དགེ་འདུན་པའི་གྲྭ་ཤག་ཚུ་ཡང་དེང་སང་གི་ལམ་ལུགས་དང་མཐུནམ་སྦེ་བསྒྲུབས་གནང་སྟེ། སྔ་འགྱུར་པད་གླིང་འདམ་ཅན་ལྷ་ཁང་གཞི་རིམ་བཤད་གྲྭ་ཟེར་བའི་མཚན་ཡང་གསོལ་གནང་ནུག །འདི་ནང་ལུ་ད་རེས་ནངས་པ་བླམ་གཅིག་དང་སློབ་དཔོན་གཉིས། དེ་བཟུམ་སྦེ་སློབ་ཕྲུག་ ༡༦ འདུག །ད་རེས་ནངས་པ་བླམ་ཚེ་རིང་དཔལ་འབྱོར་གྱིས་འགོ་འདྲེན་ཐོག་ལས་བཤད་གྲྭའི་ཐབ་ཚང་དང་གསོལ་ཚོགས་བཞེས་ས་བཟོ་བའི་བསྒང་འདུག །
༈ སྐུ་མཆོད་འབུམ་སྡེ།
ཨང་ | ཟླ | ཚེས | འབུམ་སྡེ། | ཟུར་བརྗོད |
༡༽ | ༢ | ༡༠ | ཟླ་གཉིས་པའི་ཚེས་བཅུ། | |
༢༽ | ༣ | ༡༠ | ཚོགས་འཁོར་དང་སྦྱིན་སྲེག | |
༣༽ | ༤ | ༡༥ | དུས་ཆེན་ལྔ་འཛོམས་ཀྱི་ཚོགས་འཁོར། | |
༤༽ | ༥ | ༡༠ | སྤྲེལ་ཟླའི་ཚེས་བཅུ། | |
༥༽ | ༦ | ༤ | ཆོས་འཁོར་དུས་ཆེན་གྱི་ཚོགས་འཁོར། | |
༦༽ | ༧ | ༡༥ | སྒྲོལ་མ་འབུམ་ཚོགས། | |
༧༽ | ༩ | ༢༢ | ལྷ་བབས་དུས་ཆེན། | |
༨༽ | ༡༠ | གང་རུང་ལ། | བདེ་ཆེན་ཞིང་སྒྲུབ་དང་ཆོས་སྲུང་། | |
གཞན་ཡང་ཡར་ངོ་དང་མར་ངོའི་ཚེས་བཅུ་ཚུ་ཡང་བཟུང་སྲོལ་འདུག ། |
༈ བཤད་གྲྭའི་རྩ་གཞུང་།
ཨང་། | འཛིན་གྲྭ | སློབ་ཚན། |
༡༽ | གཞི་རིམ་དང་པོ། | རྡོ་རྗེ་གཅོད་པ་དང་ཆོས་སྤྱོད་བློར་འཛིན། |
༢༽ | གཞི་རིམ་གཉིས་པ། | ངག་སྒྲོན། ལེགས་བཤད་ལྗོན་དབང་། ཀཱ་རི་ཀཱ། བྱིས་པ་དག་ཡིག ། |
༣༽ | གཞི་རིམ་གསུམ་པ། | བཤེས་སྤྲིངས། སྤྱོད་འཇུག་ཡན་ལག་བཤད་པ། དཀའ་གནད་གསལ་བའི་མེ་ལོང་། སུམ་ཅུ་པ། |
༤༽ | འཛིན་གྲྭ་དང་པོ། | སྤྱོད་འཇུག །སྡོམ་གསུམ་རྣམ་ངེས། རྟགས་རིགས། སུམ་ཅུ་པ་ནོར་བུའི་མེ་ལོང་། ལྷོ་འབྲུག་ཆོས་འབྱུང་། |
༥༽ | གཞན་ཡང་དཀྱིལ་ཆོག་གི་སྐོར་ཚུ་སྦྱངས་ནི་འདུག ། |
འབྲེལ་བ་འཐབ་ས།
དགོན་པའི་དབུ་འཛིན་བླམ་ཚེ་རིང་དཔལ་འབྱོར། ༡༧༦༢༠༡༢༢
སློབ་བཀྲ་ཤིས་སྟོབས་རྒྱས། ༡༧༨༠༢༠༥༤