༈ ལྷ་ཁང་གི་མིང་གནས་ཆགས་ཚུལ་གྱི་རྒྱབ་ཁུངས་ལོ་རྒྱུས།
ལྷ་ཁང་གི་མཚན་ཆ་གླིང་[1]ཝ་མ་མཁར་དང་། ཆ་གླིང་ཝ་མ་མཁར་དམ་བཅའ་ལྷ་ཁང་ཟེར་ཞུཝ་ཨིན་པས། ལྷ་ཁང་འདི་མོང་སྒར་ཁྲོམ་ལས་ཀི་ལོ་མི་ཊར་ ༢༠ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད། སླབ་སྲོལ་ལུ་རྩ་མང་ལས་ཚུར་བལྟཝ་ད་མཆོད་རྟེན་གྱི་བང་རིམ་བརྩེགས་བཞག་བཞགཔ་བཟུམ་མཐོང་དོ་ཡོདཔ་ལས་ བང་མ་མཁར་ ཟེར་མི་འདི་སྒྲ་ཟུར་ཉམས་ཏེ་ད་རེས་ནངས་པ་ཝང་མ་མཁར་ཟེར་སླབ་ཨིན་པས། དམ་བཅའ་ལྷ་ཁང་ཟེར་མི་འདི་ཧེ་མ་གཡུས་ཚན་འདི་ནང་ལུ་བོན་པོའི་ལུགས་སྲོལ་བཟུམ་སྦེ་གཤིན་གསོན་གྱི་རིམ་གྲོ་ཚུ་འབད་བའི་སྐབས་ཕགཔ་དང་བྱམོ་བསད་དེ་དམར་མཆོད་ཚུ་འབད་དོ་ཡོདཔ་དང་། བོད་ཁམས་ལས་ཨཙརྱ་རིན་པོ་ཆེ་ཟེར་མི་གཅིག་བྱོན་ཏེ་གཡུས་མི་ཚུ་དམར་མཆོད་འབད་མ་ཆོག་པའི་དམ་བཅའ་འདི་ལྷ་ཁང་འདི་ནང་ལུ་འབད་བཅུག་སྟེ་ལྷ་ཁང་གི་མིང་ཡང་ “ཝང་མ་མཁར་དམ་བཅའ་ལྷ་ཁང་” ཟེར་སླབ་ཨིན་པས།
དེ་བཟུམ་སྦེ་ཤར་ཕྱོགས་ཀྱི་རྫོང་ཁག་ཚུ་ནང་བཀའ་དམ་ལྷ་ཁང་ལེ་ཤ་ཡོད་མི་ཚུ་ཡང་ཨཙརྱ་རིན་པོ་ཆེ་གིས་མི་ཚུ་དམར་མཆོད་འབད་མ་ཆོག་པའི་བཀའ་གནང་སྟེ་དམ་བཅའ་འབད་བཅུག་མི་ལས་བརྟེན་ཨིནམ་དང་། མི་ཚུ་གིས་དམ་བཅའ་མ་འབད་བའི་ཧེ་མ་གཡུས་ཚན་ནང་ལུ་མི་ན་ནི་དང་ཤི་ནི་ཚུ་རྫོགས་ནི་མེདཔ་མ་ཚད་བཟོ་ལྟ་ཡང་ཁམས་ལོག་སི་སི་སྦེ་ཡོད་མི་འདི་དམ་བཅའ་འབད་བའི་ཤུལ་ལས་མི་ཡང་འཇའ་ཆི་ཆི་དང་། ན་ཚ་ཡང་ཉུང་སུ་ཅིག་འགྱོ་ཡི་ཟེར་བའི་ཡིད་ཆེས་སྐྱེད་དོ་ཡོདཔ་ཨིན་པས།
ཆ་ལི་ཝང་མ་མཁར་འདི། བུམ་ཐང་ལས་མོང་སྒར་ཕྱོགས་སུ་འོང་པའི་ལམ་བར་ལ་སྟོང་ལ་ལས་ཆ་གླིང་གི་གཡུས་འདི་ཉམས་དགའ་ཏོག་ཏོ་སྦེ་མཐོང་ནི་ཡོདཔ་མ་ཚད། གཡུས་མགུ་ལུ་ཀརྨ་ཆོས་གླིང་ལྷ་ཁང་དང་མདའ་ལུ་ཆ་གླིང་བདེ་ཆེན་ཆོས་གླིང་། གཡས་ཁ་ཐུག་ཙཀྐླིང་ཆོས་རྗེ་ཚུ་གི་གདན་ས་བསམ་གཏན་ཆོས་གླིང་དང་གཏོར་མ་གཞོང་། གཡོན་ཁ་ཐུག་མོང་སྒར་ཁྲོམ། དེ་བཟུམ་སྦེ་གདོང་ཕྱོགས་ལུ་རྩ་མང་དང་བན་སྦྱར་ཚུ་ག་ཅི་དེ་མཐོང་གསལ་ཆེ་ཏོག་ཏོ་སྦེ་མཐོང་ཚུགས་དོ་ཡོདཔ་ཨིན།
ལྷ་ཁང་འདི་འགོ་ཐོག ། ཤིང་གླང་སྤྱི་ལོ་ ༡༩༢༥ ལུ་གཡུས་ཁའི་མི་རྒས་ཤོས་མེ་མེ་ཡེ་ཤེས་ཟེར་མི་འདི་བོད་ལྷ་ས་ལུ་གནས་སྐོར་སོང་སྟེ་ལོག་པའི་སྐབས་ཆོས་འབུམ་ཆ་ཚང་ཅིག་གདན་འདྲེན་ཞུས་ཏེ་གཡུས་ཁར་ལྷོདཔ་ད་བཞག་སའི་ས་སྒོ་མེད་པར་ཁོ་རའི་ས་ཆ་ནང་ལུ་ལྷ་ཁང་འདི་བཞེངས་བཞེངམ་ཨིན་ཟེར་གཡུས་མི་ཚུ་གིས་བཤདཔ་མ་གཏོགས། བླམ་དང་གྲུབ་ཐོབ་ཚུ་བྱོན་ཏེ་གདན་ས་བཅགས་པའི་ལོ་རྒྱུས་ག་ནི་ཡང་མིན་འདུག །
ཨིན་རུང་ལྷ་ཁང་བཞེངས་ཚར་བའི་ཤུལ་ལས་ཨཙརྱ་རིན་པོ་ཆེ་དང་མཁན་སྤྲུལ་པདྨ་རྡོ་རྗེའི་སྐུ་ཚེ་གོང་མ་བཛྲ་གུ་རུ་རིན་པོ་ཆེ་ལ་སོགས་པའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་རབས་ཅིག་བྱོན་ཏེ་བྱིན་གྱིས་བརླབས་གནང་ཡོདཔ་ལས་གཡུས་མི་ཚུ་གིས་ལྷ་ཁང་འདི་རྩ་ཅན་ཅིག་སྦེ་བརྩི་དོ་ཡོདཔ་ཨིན་པས། མེེ་ཡེ་ཤེས་ཁོ་ར་ལུ་བུ་བརྒྱུད་མེདཔ་མ་ཚད་ལོ་རྒས་སོངམ་ལས་ལྷ་ཁང་གཅིག་མ་གཏོགས་ནང་རྟེན་དང་ལྡེབ་རིས་ཚུ་ཤུལ་ལས་མི་སེར་དམངས་ཀྱིས་བཞེངས་ཞིནམ་ལས་བདག་འཛིན་ཡང་མི་སེར་དམངས་ཀྱིས་རང་འབད་དེ་སྡོད་ནུག །
ལྷ་ཁང་གི་ནང་རྟེན་གྱི་གཙོ་བོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མ་དང་། སྟོན་པ་དང་གུ་རུའི་སྐུ་འདྲ། དེ་བཟུམ་སྦེ་ཛམྦྷ་ལ་དང་པདྨ་གླིང་། ཞབས་དྲུང་དང་རྟོགས་ལྡན་ཤཱཀྱ་ཤྲཱིའི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་མ་ཚད། ཞི་ཁྲོ་རིག་པ་སྟོང་གསལ་གྱི་མཐོང་གྲོལ་ཡང་མཇལ་ནི་ཡོད།
༈ ལྷ་ཁང་རིན་པོ་ཆེ་ལུ་ཕུལ་དགོ་པའི་སྐོར།
ལྷ་ཁང་འདི་གིས་སྤྱིར་བཏང་ཆ་གླིང་རྒེད་འོག་དང་ལྷག་པར་དུ་ཝ་མ་མཁར་གྱི་གཡུས་མི་ཚུ་ལུ་ཕན་ཐོག་ཏེ་ཡོད་རུང་དུས་ཀྱི་འགྱུར་བ་དང་བསྟུན་དཀོན་གཉེར་འཐོན་མི་མེདཔ་མ་ཚད། གཡུས་ཚན་འདི་ནང་སྔོན་མ་ལས་ཆོས་བརྒྱུད་པད་གླིང་ཨིནམ་ལས་དེ་མི་ཉམས་བརྟན་ཐབས་ལུ་དམིགས་ཏེ་སྤྱི་ལོ་ ༢༠༡༡ ལུ་ཚོགས་སློབ་དངོས་གྲུབ་དང་རྒེད་འོག་བདག་སྐྱོང་། དེ་བཟུམ་སྦེ་གཡུས་མི་ཚུ་གྲོས་བསྟུན་ཐོག་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་ཕུལ་ཏེ་འདི་ནང་སྒང་སྟེང་བཤད་གྲྭ་ལས་མཐར་འཁྱོལ་མི་སློབ་དཔོན་ ༢ རེ་བཏང་སྟེ་ཡོདཔ་ལས་ ལྷ་ཁང་གི་ནམ་རྒྱུན་གྱི་གསོལ་མཆོད་དང་སྐུ་མཆོད་འབུམ་སྡེ་ཚུ་སློབ་དཔོན་གཉིས་ཀྱིས་འགོ་འདྲེན་འཐབ་སྟེ་གནང་དོ་ཡོདཔ་ཨིན་པས། རྒེད་འོག་བདག་སྐྱོང་གི་རྒྱབ་སྐྱོར་ཐོག་ལས་སྤྱི་ལོ་ ༢༠༢༠ ལོ་ལུ་ལྷ་ཁང་གི་ལྟག་ལུ་རིན་པོ་ཆེའི་གཟིམ་ཅུང་ཅིག་ཡང་སྒྲུབ་སྟེ་འདུག །ལྷ་ཁང་འདི་ད་ལྟོ་སློབ་དཔོན་གཉིས་ཀྱིས་བདག་འཛིན་འཐབ་སྟེ་ཡོད་པའི་ཁར་ལྷ་ཁང་ནང་གི་ནང་རྟེན་ཚུ་མང་ཆེ་ཤོས་ཉམས་ཆག་ཤོར་ཏེ་ཡོདཔ་ལས་འདི་ཚུ་ཆ་མཉམ་ལོག་སྟེ་རང་ཉམས་བཅོས་ཞུ་ནི་དང་ཞལ་གསེར་ཕུལ་ནི་ཨིནམ་ད། དེ་བཟུམ་སྦེ་མཆོད་མེ་ཁང་ཚུ་ཡང་རྐྱབ་ནིའི་འཆར་གཞི་འདུག །
༈ ལོ་ལྟར་སྐུ་མཆོད་འབུམ་སྡེའི་སྐོར།
ཨང་། | ཟླ | ཚེས | སྐུ་མཆོད། | ཉིན་གྲངས། |
༡ | ༣ | ༡༨ | བཅོ་བརྒྱད་ལྷ་མོའི་གསོལ་མཆོད། | ༡ |
༢ | ༦ | ༤ | ཆོས་འཁོར་དུས་ཆེན་གྱི་ཚོགས་འཁོར། | ༡ |
༣ | ༡༡/༡༢ | གང་རུང་ལ། | བདེ་ཆེན་ཞིང་སྒྲུབ། | ༤ |
༄༅། །ལྷ་ཁང་གི་སྒོ་རྒྱབ་བྱང་གུ་ཡོད་པའི་དཀར་ཆག །
ཀྱེ༑ ཁམས་གསུམ་གླིང་དགུ་རྒྱ་ཆེ་གྲངས་མང་ཡང་། །འདོད་དགུ་འབྱུང་བ་ཀུ་རི་ཆུ་རྒྱུན་ནང་། །བཀྲ་ཤིས་གཡང་ཆགས་ཕྱ་ལི་ལུང་པ་འདི། །ཁྱད་པར་དུ་ཡང་ཝང་མཁར་ཡུལ་མོ་དབུས། །ཕྱི་ནས་བལྟས་ན་རིན་ཆེན་སྤུང་པ་འདྲ། །ཡངས་ལ་རྒྱ་ཆེ་ཤིན་ཏུ་དགའ་བའི་ཡུལ། །ཡུལ་གྱི་མཐའ་འཁོར་འབྲས་ཞིང་མང་པོས་བསྐོར། །ལོ་ཐོག་ཕུན་ཚོགས་འབྱོར་པ་ཚོགས་པའི་ཡུལ། །གཡས་རི་གླང་ཆེན་གྱེན་ལ་འཛེགས་པ་འདྲ། །གཡོན་རི་སེངྒེ་གནམ་ལ་འཕྱོངས་པ་འདྲ། །རྒྱབ་རི་དར་དཀར་གཡོས་པ་བརྐྱངས་པ་འདྲ། །མདུན་རི་མནྜལ་རིན་ཆེན་སྤུངས་པ་འདྲ། །མཐའ་མ་ཐམས་ཅད་དཔག་བསམ་ལྗོན་ཤིང་རྒྱས། །མེ་ཏོག་རྣམ་པ་སྣ་ཚོགས་མཚོ་རི་བཀྲ། །སྟག་ཆུང་བུང་བའི་གླུ་དབྱངས་སྙན་པས་བསྐོར། །རི་དྭགས་རྣམས་ཀྱང་གར་བྱེད་ཤིགས་སེ་ཤིག །ཕུར་ལྡིང་དགའ་བའི་འདབ་ཆག་ལང་ལིང་བབས། །ཕྲེང་བ་ཆུ་ནི་བདུད་རྩི་བབས་པ་འདྲ། །ཆང་ཞིམ་ནད་སེལ་སྨན་གྱི་ཆུ་དང་འདྲ། །ཀུ་རི་ཆུ་ནི་ལྕགས་རིས་བསྐོར་བ་འདྲ། །ཉ་ཆུང་སེར་མིག་གར་སྟབས་འཁྱུགས་སེ་ཁྱུག །རོལ་མཚོ་བདུན་འདྲ་ཡན་ལག་བརྒྱད་ལྡན་ཆགས། །འབྱུང་བཞིའི་ནད་རྣམས་སེལ་བས་སྨན་ཆུ་བཅས། །འགྲོ་ཀུན་སྡུག་བསྔལ་གྲོལ་བའི་ལྷ་ཡི་ཆུ། །མཐུམ་ལོག་ཆུ་ནི་རོལ་མོ་སྒྲོག་པ་འདྲ། །རྒྱ་གར་འདོད་ཡོན་དབང་འདུ་འགུག་པའི་བརྡ། །ཕུ་བཟང་བཙན་ཕུ་གསེར་གྱི་མཆོད་རྟེན་འདྲ། །བཙན་ཆེན་དཀར་པོ་འཕྲིན་ལས་དབང་ཕྱུག་བཞུགས། །མི་ནོར་ཟས་གསུམ་ཅི་བསམ་ཐམས་ཅད་སྟེར། །སྡང་བའི་དགྲ་བཏུལ་གནོད་པའི་བགེགས་རྣམས་བསྲུང་། །མི་དང་ནོར་ལ་སྐྱབས་དང་མགོན་དུ་མཛད། །མདའ་ནི་གནས་པོ་དགའ་རབ་དབང་ཕྱུག་དང་། །དངོས་གྲུབ་སྟེར་བའི་ཀླུ་མོ་དཀར་མོ་བཅས། །ལོངས་སྤྱོད་འབྱོར་དགུ་ཐམས་ཅད་ཡར་ལ་ཕུལ། །མི་དང་ནོར་ལ་གནོད་པའི་སྲི་རྣམས་བསྲུང་། །འགལ་རྐྱེན་ཟློག་ཅིང་མཐུན་རྐྱེན་གྲུབ་པ་དང་། །ཚེ་དང་དངོས་གྲུབ་མ་ལུས་སྟེར་བར་མཛོད། །ཡུལ་ལ་དགེ་བཅུ་ཚང་བ་ངོ་མཚར་ཆེ། །
དྲི་བསྟུན་འབད་ས། ཆ་གླིང་རྒཔོ་བཀྲ་ཤིས་དོན་གྲུབ།
རྒེད་དྲུང་ པདྨ་རྒྱལ་མཚན།
སློབ་ཨོ་རྒྱན་འཕྲིན་ལས། བདེ་ཆེན་ཆོས་གླིང་ལྷ་ཁང་།
སློབ་འཕྲིན་ལས་དཔལ་འབྱོར། ཝ་མོ་མཁར་ལྷ་ཁང་། 17768798
རྩིསཔ་བདེ་ཆེན་ནོར་བུ། ཝང་མ་མཁར།
སྐྱེས་ལོ་ ༩༡ ༼༢༠༢༡༽ལང་མི་རྒཔོ་བགྲེསཔ་ཨ་རྒས་དངོས་གྲུབ་ཚེ་དབང་། ༼མེེ་ཡེ་ཤེས་ཀྱི་ཚ་བོ༽
[1] ཕྱ་ལི་ཟེར་ཡང་བྲི་སྲོལ་འདུག