༄༅། །ཆ་གླིང་བདེ་ཆེན་ཆོས་གླིང་དགོན་པའི་ངོ་སྤྲོད་མདོར་བསྡུས།
དགོན་པ་འདི་མོང་སྒར་རྫོང་ཁག །ཆ་གླིང་རྒེད་འོག་གི་ནང་འཁོད་ཆ་གླིང་གཡུས་ཚན་གྱི་སྦུག་ལུ་ཡོདཔ་ད། མོང་སྒར་ཁྲོམ་ཁ་ལས་སྤྱིར་བཏང་གཞུང་ལམ་བརྒྱུད་དེ་ཀི་ལོ་མི་ཊར་ ༢༤ དེ་ཅིག་འགྱོ་བའི་ས་ཁར་ཆགས་ཏེ་འདུག །སྤྱིར་བཏང་ཆ་གླིང་ཟེར་སླབ་དགོ་པའི་ཁུངས་འདི་ངག་རྒྱུན་དང་འཁྲིལ་བ་ཅིན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་མཆོག་(༡༢༨༤-༡༣༣༩ )མོང་སྒར་རྩ་མང་ལུ་བཞུགས་པའི་སྐབས། གཡུས་འདིའི་ས་ཁྲ་ཡི་གུ་ “ ཆ ”གི་རྣམ་པ་སྦེ་གཟིགསཔ་ལས་ཆ་གླིང་ཟེར་བཏགས་གནང་བའི་ལོ་རྒྱུས་བཤད་ནི་འདུག །དགོན་པ་འདི་འགོ་ཐོག་ཕྱག་བཏབ་གནང་མི་གསལ་ཁ་མེད་རུང་མི་རྒན་ཤོས་ཚུ་གིས་ཀརྨ་པ་རང་བྱུང་རྡོ་རྗེ་ཁོ་རང་གིས་གདན་ས་བཅགས་ཡོད་པའི་ཡིད་ཆེས་སྐྱེད་དོ་ཡོད་མི་དང་། ལྷ་ཁང་གི་སྐུ་རྟེན་དང་ལྡེབས་རིས་ཀྱི་གྲས་ལུ་ཀརྨ་པའི་འདྲ་སྐུ་ཡང་བཞུགས་ཡོད་མི་ལུ་ལྟ་བ་ཅིན། ལྷ་ཁང་འདི་དུས་རབས་ ༡༣ པའི་སྨད་དང་། ༡༤ པའི་སྟོད་ནང་ལུ་བཞེངས་པའི་ལྷ་ཁང་རྙིང་ཤོས་ཀྱི་གྲས་གཅིག་ཨིན་མས། དེ་བཟུམ་སྦེ་སྡེ་སྲིད་ཁྲི་རབས་ ༡༣ པ་ཆོས་རྒྱལ་ཤེས་རབ་དབང་ཕྱུག/མི་དབང་སྲིད་ཐུབ་(༡༦༩༧-༡༧༦༨)མཆོག་གིས་རྫོང་གཞི་དང་ལྷ་ཁང་ཁག་ནང་ལས་ཕར་གྱི་སྐུ་གསུང་ཐུགས་ཀྱི་རྟེན་ཚུ་ལུ་ཞབས་ཏོག་ཞུ་བའི་སྐབས། གཞོང་རྫོང་ལྷ་ཁང་གི་གྲས་ལས་ ཆ་གླིང་བདེ་ཆེན་ཆོས་གླིང་ལྷ་ཁང་ནང་ལུ་ཡང་ཞབས་ཏོག་བསྙེན་བཀུར་ཞུ་ཡོད་པའི་སྐོར་ཚུད་དེ་ཡོད་མི་ལུ་ལྟ་རུང་ལྷ་ཁང་འདི་རྙིང་ཤོས་ཅིག་ཨིན་མས། དེ་མ་ཚད་རིག་འཛིནཔདྨ་གླིང་པའི་རྣམ་ཐར་ནང་ལུ་ཡང་།
“དེའི་དགུན་ཁ་ལྷ་ཁང་གི་མཆོད་པའི་སྟེང་དུ། བྱ་བ་ཁྲི་དཔོན་པས་ཧོར་འདྲ་ལུག་པོ་དང་། དར་རྒྱས་གཉིས། ཨ་ནེ་ཀུན་དགའ་བཟང་མོས་སྣ་ཁྲིད་བྱས་ནས། རྐང་བཙུགས་ལ་འབོད་དུ་བྱུང་བས། མཆོད་པ་ཟིན་འཕྲལ་ལ། ངེད་དཔོན་སློབ་དྲུག་ཅུ་ཙམ་གྱིས་ཀུ་རེ་ལུང་ནས་ཞུགས་ཏེ། ཁོ་ལོང་ང་ལེ་བར་དུ་ཐོན་ནས། ཕ་ཇོའི་བུ་སེང་གེས་ཆ་ལི་དགོན་པར་བསྐྱལ། སང་ཉིན་པར་འགྲོ་བའི་ཆུ་འགྲམ་ཕར་ལོགས་ན། རྡོ་ལེབ་ཆེན་པོ་གཅིག་ཡོད་པ་མཐོང་བ་དང་། ཆུ་ཚུར་ངོས་ནས་དེ་ལ་མཆོངས་པས་རྐང་རྗེས་འདམ་ལ་རྒྱབ་པ་ལྟར་སོང་བས། བླ་མ་ཤཱཀྱས་ཐོག་དྲངས་གྲྭ་པ་རྣམས་དང་སྐྱེལ་མཁན་བུ་མོ་ཐམས་ཅད་ཀྱིས་ལྕེས་བལྡག་པ་དང་བྱིན་རླབས་ཞུ་བ་སོགས་བྱེད་ཅིང་འདུག །” ཟེར་ཀུར་སྟོད་དང་བུམ་ཐང་ལུ་ཕར་ཚུར་རྒྱུན་འགྲུལ་འཐབ་པའི་སྐབས་སྐུ་ཞག་འདི་འཕྲལ་འཕྲལ་རང་ཆ་གླིང་དགོན་པ་ལུ་བཞུགས་དོ་ཡོདཔ་ཨིན་མས། ཚར་གཅིག་ཆ་གླིང་དགོན་པར་བཞུགས་ཏེ་དྲོ་པ་བྱོནམ་ད་ཆུ་བརྒལ་བྱོན་དགོ་དོ་ཡོདཔ་ལས། ཆུའི་ཕར་ཁར་ལུ་རྡོ་ལེབ་ཅིག་གཟིགས་ཏེ་དེ་གུ་མཆོངས་པའི་སྐབས་ ཞབས་རྗེས་ཅིག་འཐོན་སོངམ་ལས་ ཕྱག་ཞུ་སྟེ་བྱོན་མི་སློབ་ཚུ་དང་བུམོ་ཚུ་གིས་བྱིན་རླབས་ཞུ་བའི་སྐོར་ལས་གསུངས་མས། དེ་ལུ་དཔྱད་ལྟ་བ་ཅིན་དགོན་པ་འདི་རིག་འཛིན་པདྨ་གླིང་པ་མ་བྱོན་པའི་ཧེ་མ་ལས་ཕྱག་བཏབ་གནང་གནངམ་ཅིག་འོང་ནི་ཨིནམ་ལས་ཀརྨ་པ་སྐུ་ཕྲེང་གསུམ་པ་གིས་ཕྱག་བཏབ་གནང་ནུག་ཟེར་མི་ཡང་བདེན་ནི་མས། ཨིན་རུང་ཀརྨ་པ་སྐུ་ཕྲེང་གསུམ་པ་མཆོག་རྒྱ་ནག་ལུ་འགྲོ་དོན་ཆེཝ་མ་གཏོགས་ལྷོ་མོན་ལུ་བྱོན་པའི་ལོ་རྒྱུས་རྣམ་ཐར་ནང་མེདཔ་ལས་ཡང་ན། ཀརྨ་པ་ཞྭ་དམར་དང་། ཞྭ་ནག་སྐུ་ཕྲེང་བདུན་པ་ཚུ་འབྲུག་ལུ་བྱོན་པའི་ལོ་རྒྱུས་ཡོདཔ་ལས་ཁོང་གཉིས་ཀྱིས་ཕྱག་འདེབས་གནང་གནངམ་མེན་ན་ཡང་མནོཝ་མས།
དགོན་པ་འདི་ཆགས་ཏེ་གཡུས་ཁའི་མི་སེར་ཚུ་གིས་སྦེ་བདག་འཛིན་གནང་སྟེ། ལོ་ངོ་བརྒྱ་ཕྲག་ལྔ་དེ་ཅིག་སོང་ཡོད་རུང་། སྒོམ་སྡེ་དང་བཤད་གྲྭ་སྒྲུབ་གྲྭ་ལ་སོགས་པ་ག་ནི་ཡང་གཞི་འཛུགས་འབད་བའི་ལོ་རྒྱུས་མིན་འདུག །ཨིན་རུང་སྐུ་མཆོད་འབུམ་སྡེ་དང་མི་སྡེ་ནང་ལུ་གྲོང་ཆོག་གི་སྲོལ་རྒྱུན་ཚུ་གཡུས་ཁའི་སྒོམ་ཆེན་ཚུ་གིས་སྦེ་མཛད་དེ་བཞུགས་ནུག །དེ་ཡང་ཆ་གླིང་གི་བླམ་ཆོསཔ་ཚུ་མོང་སྒར་གཡག་སྒང་དང་འབྲེལ་བ་སྦོམ་ཡོདཔ་ལས་བརྟེན་ཏེ། དེ་སྒང་གཡག་སྒང་གདན་ས་བཅགས་གནང་བའི་པད་གླིང་གི་གདུང་སྲས་གསང་བདག་གི་སྲས་བརྒྱུད་སློབ་བརྒྱུད་དང་བཅས་པ་གིས་འགྲོ་དོན་བསྐྱངས་སའི་གཡུས་སྒོ་གཙོ་བོ་ཅིག་ཨིནམ་ལས་པད་གླིང་གི་ཆོས་བརྒྱུད་དར་ཏེ་ཡོདཔ་ལས། ཚེས་བཅུ་འབུམ་སྡེ་དང་། ལོ་ཆོག་གི་སྐབས་སུ་ཡང་པད་གླིང་གཏེར་ཆོས་བླམ་ནོར་རྒྱམ་དང་། ཞི་ཁྲོ། བཀའ་བརྒྱད། ཚེ་ཁྲིད་རྡོ་རྗེ་ཕྲེང་བ་ཚུའི་འགྲོ་དོན་དར་ཁྱབ་འགྱོ་སྟེ་འདུག ། གྲོང་སྟོད་དགོན་པ་ཀརྨ་སིང་ནགས་ཚང་ལས་འགོ་བཟུང་ཏེ། སྤང་ཐང་། ཅི་ལོ་སྦིས། ཝ་མོ་མཁར་ལ་སོགས་པ་གཡུས་ཚན་ལེ་ཤ་ཡོད་པའི་ནང་གི་མི་སེར་བརྒྱ་ཆ་ ༩༥ པད་གླིང་གི་ཆོས་བརྒྱུད་འཛིན་མི་ཨིན་མས། ཨིན་རུང་ཆོས་རྒྱུད་འཛིན་མི་བླམ་ཆོསཔ་དེ་ཉུང་སུ་ལས་མེདཔ་ལས་བརྟེན་ཏེ། ཕ་མེས་ཀྱི་ཆོས་ལུགས་བདག་འཛིན་འབད་ནི་དང་མི་སེར་གྱི་གཤིན་གསོན་གྱི་དགེ་རྩ་སྒྲུབ་ནི་ལ་སོགས་པ་ག་ཅིའི་ཐད་ལས་སྟབས་བདེ་ཏོག་ཏོ་འོང་ནིའི་དོན་ལས་ ས་གནས་ཀྱི་མི་སྡེ་འགོ་འཁྲིདཔ་དང་ མི་སེར་དམངས་འགྲོས་བསྟུན་ཐོག་ལས་ ལྷ་ཁང་འདིའི་ས་རྒྱ་དྲིས་ ༠.༤༢༡ དང་བཅས་པ་སྦེ་པད་གླིང་བསྟན་པའི་མངའ་བདག་སྐྱབས་མགོན་སྒང་སྟེང་རིན་པོ་ཆེ་མཆོག་ལུ་ སྤྱི་ལོ་ ༢༠༠༩ ལུ་ཕུལ་གནང་ནུག །
༈ ཐུན་མིན་ལམ་སྲོལ།
ནུབ་ཕྱོགས་རྫོང་ཁག་གི་ས་གནས་ཁག་ནང་ལུ་ལོ་འབག་དང་། སྐར་མ་ཉ་གྲུ་ཟེར་བའི་ལུགས་སྲོལ་ཡོད་དོ་བཟུམ་སྦེ་གཡུས་ཚན་འདི་ནང་ལུ་ལོ་བསྟར་རང་ཟླ་ ༧ པའི་ཚེས་ ༢༧ ལས་ ༣༠ ཚུན་ཁ་རམ་ཟེར་མི་ཅིག་རྩིས་སྲུང་འབད་ནི་ཡོདཔ་ད། དེ་ཡང་ ༢༧ ལུ་སའི་ཁ་རམ་ཟེར་ཤིང་གི་སྤོ་བཟོ་ཞིནམ་ལས་ དཔའ་མཛངས་པ་འདི་ཚུ་གིས་ཞིང་དང་ལྡུམ་ར་ཚུ་ནང་ལས་བཙོག་ཕུར་བཟུམ་སྦེ་བརྡབས་བཞག་དོ་ཡོདཔ་ཨིན། དེ་གིས་ལོ་ཐོག་ལེགས་ནིའི་དོན་ལུ་ཞིང་ཁ་ལུ་གནོད་པའི་ནད་ཡམས་དང་མུ་གེ་ཞི་ནིའི་ཟློག་ཐབས་ཨིན་མས། ཚེས་ ༢༨ ལུ་ནོར་གྱི་ཁ་རམ་ཟེར་ ནོར་གྱི་བྱང་སར་འགྱོ་སྦེ་གཏོར་མ་བཟོ་སྟེ་བོན་མཆོད་འབད་དེ་གཏང་མི་འདི་གིས་ ནོར་གྱི་གོད་ཁ་ཞི་ནིའི་རིམ་གྲོ་ཅིག་ཨིན་མས། ཚེས་ ༢༩ ལུ་མིའི་ཁ་རམ་ཟེར། ཕོ་སྐྱེས་འདི་ཚུ་མདའ་རྩེད་རྩེ་དོ་ཡོད་མི་འདི་གཡུས་ཁའི་མི་ལུ་བྱད་ཁ་དང་ཕུར་ཁ། མི་ཁ་དང་ཁ་མཆུ་ལ་སོགས་པ་ཟློག་ཐབས་ལུ་ཨིནམ་སྦེ་བཤད་ནི་འདུག །མ་གཞི་ཚེས་ ༢༨ ལས་༣༠ ཚུན་ཕོ་སྐྱེས་ཚུ་མདའ་རྩེད། ཨམ་སྲུ་ཚུ་ཞབས་བྲོ་ཁྲབ། རྒན་ཤོས་འདི་ཚུ་འཛོམས་སྦེ་ཆང་རེ་འཐུང་སྟེ་ཁ་རམ་ཉིནམ་བཞིའི་ལས་རིམ་འདི་ལོ་གཅིག་ནང་གི་སྤྲོ་སྟོན་གྱི་དུས་ཚོད་ཅིག་ཨིན་མས།
༈ ལོ་བསྟར་སྐུ་མཆོད་འབུམ་སྡེའི་སྐོར།
རང་ཟླ་ | ཚེས་ | དུས་མཆོད། | ཉིན་གྲངས། |
༢ | ༡༠ | སྤྲེའུ་མཆོད། | |
༣ | ༡༨ | བཅོ་བརྒྱད་ལྷ་མོ། ལྷ་མོའི་གསོལ་མཆོད། | ༡ |
༡༡ | ༡༨/༡༩ | མཆོད་པ། |
ཟླ་རིམ་བཞིན་དུ་ཡར་ངོ་མར་ངོའི་ཚེས་བཅུ་དང་། ལོ་གསུམ་བར་ན་མཁའ་འགྲོ་བསྐང་བཤགས་ཚར་རེ་གནང་བའི་སྲོལ་འདུག །
༈ ནང་རྟེན། ལྷ་ཁང་འདི་ཐོག་གཉིས་སྦེ་ཡོདཔ་ད། སྟེང་ཐོག་གི་ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དང་། ཚེ་དཔག་མེད། སྟོན་པ་། ཞབས་དྲུང་རིན་པོ་ཆེ་བཞུགས་ནུག །འོག་ཐོག་ལུ་དུས་གསུམ་སངས་རྒྱས་དང་། ཚེ་དཔག་མེད་དང་། བཅུ་གཅིག་ཞལ། གུ་རུ་རིན་པོ་ཆེ། ཀརྨ་པའི་སྐུ་འདྲ་ཚུ་བཞུགས་ནུག །གསུང་རྟེན། གསེར་གྱི་བརྒྱད་སྟོང་པའི་གླེགས་བམ་དང་། ཐུགས་རྟེན་བཀའ་གདམས་མཆོད་རྟེན་སོགས་ཡོད།
༈ ལྷ་ཁང་གི་མཐའ་འཁོར་གྱི་ལོ་རྒྱུས།
དགོན་པ་འདིའི་རི་རྒྱུད་གཅིག་གི་རྩེ་ལུ་ཀརྨ་ཆོས་གླིང་དགོན་པ་འདི་ཆགས་ཏེ་ཡོདཔ་ད། དགོན་པ་འདི་ད་རེ་ སྐྱབས་མགོན་སྒང་སྟེང་རིན་པོ་ཆེའི་ཞབས་ལས་ སྔ་འགྱུར་རྙིང་མའི་སྔགས་གྲྭ་ཅིག་གཞི་འཛུགས་འབད་ནིའི་ཐུགས་འདོད་བཞིན་དུ་ ལས་འགུལ་འགོ་འཛུགས་ཏེ་ཕྱག་ལཱ་གནང་བའི་སྒང་འདུག །
ལྷ་ཁང་གི་གཡོན་ཁ་ཐུག་ལུ་ གྲུབ་ཆུ་ཅིག་ཡོད་མི་འདི་རྒྱལ་བ་ཀརྨ་པ་གིས་བཏོན་གནང་བའི་ལོ་རྒྱུས་ཡོདཔ་ད། དེ་ཡང་དེ་བསྒང་ཆ་གླིང་ལྷ་ཁང་ནང་ཡོན་ཆབ་ཕུལ་ནིའི་ཆུ་མེདཔ་ལས་བརྟེན་ཏེ་ཆུ་མིག་བཏོན་གནང་ཡོདཔ་ཨིན་མས། གྲུབ་ཆུ་འདི་ཡང་དྲོ་པ་དང་ཕྱི་རུ་ཚ་དྲོད་ལྡན་ཏོག་ཏོ་སྦེ་འཐོན་དོ་ཡོདཔ་ད། གནམ་ཉི་མ་བསིལ་ཏོག་ཏོ་སྦེ་ཡོདཔ་ལས་ག་ཅི་དེ་སེམས་ཅན་གྱི་གྲང་བ་སེལ་བའི་ཚ་ཆུ་དང་། ཚ་གདུང་སེལ་བའི་བདུད་རྩི་ངོ་མ་ཅིག་སྦེ་དད་པ་དང་ཡིད་ཆེས་སྐྱེད་དེ་ཡོདཔ་ལས། ལྷ་ཁང་སྦོ་ལོག་ཁར་ཆུ་ཡོད་དེ་འབད་རུང་ ཡོན་ཆབ་འདི་ངེས་པར་དུ་གྲུབ་ཆུ་འདི་གིས་ཕུལ་དགོ་པའི་ལུགས་སྲོལ་འདུག །
ལྷ་ཁང་གི་འོག་ལས་མར་ལྷུན་རྩེ་ཁ་ཐུག་འགྱོ་སའི་གཞུང་ལམ་ ཐ་ལ་སྦང་ ཟེར་བའི་ས་ཆ་གི་ལྟག་ལུ་ ཝང་གོ་ཟེར་ས་ལུ་ ནམ་མཁའི་སྙིང་པོའི་མཆོད་རྟེན་ གཅིག་ཡོད་མི་འདི་ད་རེས་ཉམས་གསོ་ཞུ་སྟེ་འདུག །དེ་བཟུམ་སྦེ་གཞུང་ལམ་འདིའི་འོག་ལུ་ རིག་འཛིན་པདྨ་གླིང་པའི་རྣམ་ཐར་ནང་ལས་འཐོན་ནི་ཡོད་པའི་ཞབས་རྗེས་གཅིག་ཡང་མཇལ་ཚུགས་དོ་ཡོདཔ་ཨིན།
ད་རུང་ ཟ་ལ་སྤང་ ལས་ཕར་ཀི་ལོ་མི་ཏྲར་གཉིས་དེ་ཅིག་གི་ས་ཁར་ མདོ་སྨད་ཟེར་ས་ལུ་ནམ་སྙིང་རིན་པོ་ཆེ་སྐུ་ཕྲེང་ ༣ པ་འཇམ་དཔལ་ངག་དབང་འབྲུག་གྲགས་ཀྱི་སྐུ་གདུང་གི་ནང་ཁྲོལ་ཆུ་བཤལ་སའི་ཁྲག་ཨིན་ཟེར་དེ་ཚུ་ཡོདཔ་ཨིན་མས།
༈ མ་འོངས་པའི་འཆར་གཞི།
ད་ལྟོ་ཡོད་པའི་ལྷ་ཁང་འདི་རྙིངམ་ཐལ་སོངམ་ལས་བརྟེན་། འཕྲལ་མགྱོགས་རང་ཉམས་བཅོས་འབད་ནིའི་འཆར་གཞི་ཡོད་པའི་ཁར། དགོན་པ་གོང་མ་ཀརྨ་ཆོས་གླིང་འདི་ནང་སྔགས་གྲྭ་གཞི་འཛུགས་འབད་ཞིནམ་ལས་ དགོན་པ་འོག་མ་འདི་ནང་གཞི་རིམ་བཤད་གྲྭ་ཅིག་བཙུགས་ནིའི་ལས་འཆར་འདུག ། ལྷ་ཁང་འཛིན་སྐྱོང་དང་མི་སེར་གྱི་དོན་ལུ་ད་ལྟོ་སྒང་སྟེང་བཤད་གྲྭ་ནང་ལས་སློབ་དཔོན་གཉིས་བཞུགས་ཏེ་འདུག །
ངག་འདྲི་འབད་ས།
བཀྲ་ཤིས་དོན་གྲུབ། ཆ་གླིང་རྒེདཔོ།
སློབ་དཔོན། ཨྱོན་འཔྲིན་ལས། 17516905
སློབ་དཔོན། རྡོ་རྗེ། 17748043