སྒོང་ཕུ་ལྷ་ཁང་
སྒོང་ཕུ་ལྷ་ཁང་གི་མཚན་རྒྱས་པ་ “པདྨ་ཀུན་གསལ་གླིང་” ཟེར་ཞུཝ་ཨིན་པས། ལྷ་ཁང་འདི་གཞལ་སྒང་རྫོང་ཁག་ཀྲོང་རྒེད་འོག་གི་སྒོང་ཕུ་སྤྱི་འོག་ནང་ལུ་ཆགས་ཏེ་འདུག །གཏིང་སྟིས་སྦི་ལས་པན་སྦང་ཁ་ཐུག་ཀི་ལོ་མི་ཊར་ ༤༥ དང་པྲ་ལང་ལས་སོ་ནམ་ཞིང་ལམ་བརྒྱུད་དེ་ཀི་ལོ་མི་ཊར་ ༩ དེ་ཅིག་འགྱོཝ་ད་ག་ཅི་དེ་ཉམས་དགའ་ཏོག་ཏོ་ཡོད་པའི་སྒོང་ཕུའི་གཡུས་ཚན་སྦུག་ནང་རང་ལྷ་ཁང་འདི་ཆགས་ཏེ་འདུག །རྒྱལ་ཁབས་ནང་ལུ་ཡོངས་གྲགས་ཅན་གྱི་དུ་མང་ཚྭ་ཆུ་ཡང་སྒོང་ཕུའི་གཡུས་མཇུག་ལུ་ཆགས་ཏེ་ཡོདཔ་ཨིན།
༈ སྒོང་ཕུ་གཡུས་ཀྱི་རྒྱབ་ཁུངས་ལོ་རྒྱུས།
གཡུས་མི་རྒན་ཤོས་ཚུ་གི་ངག་རྒྱུན་ལས་སྒོང་ཕུ་ཟེར་མི་ལུ་སླབ་སྲོལ་གཉིས་སྦེ་བཤད་ནི་ཡོད་ས་ལས། དང་པ་འདི་ད་ལྟོ་ཡོད་སའི་སྒོང་ཕུ་གི་གཡུས་ཚན་ནང་ལས་ཀི་ལོ་མི་ཊར་ ༣ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད་པའི་ལྕགས་མཁར་སྦི་ཟེར་ས་ལུ་མི་གླེན་གོ་གཅིག་ཡོད་མི་འདི་ ཨ་རྟག་རང་པ་ཚ་འཚོལ་ཏེ་གཡུས་ཁར་འབག་འོང་དོ་ཡོདཔ་ཨིན་པས། གཡུས་མི་ཚུ་གིས་ཁྱོད་ཀྱི་པ་ཚ་ཚུ་ག་ཏེ་ལས་འབག་འོང་སྨོ་ཟེར་དྲིཝ་ད། ཁོ་གིས་ལག་པའི་མཛུབ་མོ་སྟོན་ཏེ་ཡར་གོང་ལས་འབག་འོངམ་ཨིན་ཟེར་སླབ་པའི་ཤུལ་ལས་གཡུས་མི་ཚུ་ཡང་འདི་ནང་སོང་སྟེ་པ་ཚ་ཚུ་འབག་འོང་དོ་ཡོདཔ་ལས། གཡུས་མི་ཚུ་གིས་ས་གནས་ཀྱི་མིང་ཡང་སྒོང་ཕུ་ཟེར་སླབ་པའི་སྲོལ་དར་ཡོདཔ་སྦེ་བཤད་ནི་འདུག །གོང་ཟེར་མི་འདི་ཁེངས་ཀྱི་ཁ་སྐད་ལས་རི་མཐོ་ས་ལུ་སླབ་ཨིན་པས། ཨིན་རུང་ཡི་གུ་བྲི་བའི་སྐབས་ད་རེས་ནངས་པ་སྒོང་ཟེར་བྲིཝ་ཨིན་པས། ཤུལ་ལས་ལྕགས་མཁར་སྦི་ལས་མི་ཚུ་ད་ལྟོ་ཡོད་སའི་སྒོང་ཕུ་གི་གཡུས་ཚན་གཞིས་སྤོ་འོང་འོངམ་ཨིནམ་སྦེ་ཡང་བཤད་ནི་འདུག །
བཤད་སྲོལ་གཉིས་པ་འདི། གཡུས་ཚན་གྱི་མིང་སྒོང་ཕུ་ཟེར་མེན་པར་སྒོམ་ཕུག་ཟེར་ཨིན་པའི་རྒྱུ་མཚན་ཡང་། དུས་རབས་བརྒྱད་པའི་ནང་གུ་རུ་རིན་པོ་ཆེ་ས་གནས་འདི་ནང་བྱོན་ཏེ་སྒོམ་གནང་བཞུགས་པའི་རྒྱུ་མཚན་གྱིས་སྒོང་ཕུག་ཨིན་ཟེར་ཡང་བཤད་ནི་འདུག །ཨིན་རུང་ད་རེས་ནངས་པ་ངག་རྒྱུན་ལུ་སྒོང་ཕུ་ཟེར་རང་དར་ཁྱབ་སོང་སྟེ་འདུག །
ལྷ་ཁང་འདི་རྒེད་འོག་འདི་ནང་རྙིང་ཤོས་ཅིག་ཨིནམ་ལས་དེའི་སྐོར་ལས་ལོ་རྒྱུས་མཁྱེན་མི་ཡང་ག་ཡང་མིན་འདུག །བཤད་སྲོལ་ཅིག་ལུ་ལྷ་ཁང་འདི་བླམ་ཞང་ཟེར་མི་གིས་བཞེངས་པའི་ལོ་རྒྱུས་ཨིན་པས། དུས་རབས་ ༡༧ པའི་ནང་བྱོན་མི་བླམ་ཞང་འདི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་གཅིག་ཨིནམ་མ་ཚད། བལ་པོ་དང་དང་འབྲུག་ལུ་འགྲོ་དོན་རྒྱས་པའི་ལོ་རྒྱུས་ཚུ་འདུག །ཨིན་རུང་རྐྱེན་ངན་པའི་དབང་གིས་འབྲུག་གི་སྡེ་སྲིད་ཁྲི་རབས་བརྒྱད་པ་འབྲུག་རབ་རྒྱས་ཀྱིས་ངན་བསྐུལ་ཐོག་ལས་ད་ལྟོ་གཞལ་སྒང་ཀྲོང་ཟེར་ས་ལུ་བཀྲོང་ཡོདཔ་ལས་གཡུས་ཀྱི་མིང་ཡང་ཀྲོང་ཟེར་ད་ལྟོའི་བར་ན་ཡང་སླབ་ནི་ཡོད།
ད་རུང་བཤད་སྲོལ་གཞན་ཅིག་ཡོན་མི་ཡང་སྦས་ཡུལ་གྱི་བླ་མ་ཤཱཀྱ་འོད་ཟེར་ཟེར་མི་གཅིག་གཡུས་བྱོན་ཞིནམ་ལས་སྒོམ་གནང་སྟེ་བཞུགས་པའི་ཤུལ་ལས་ད་ལྟོ་ཡོད་པའི་ལྷ་ཁང་འདི་བཞེངས་པའི་ལོ་རྒྱུས་འདུག །གཡུས་མི་ཚུ་གིས་ལྷ་ཁང་གི་ས་འོག་ལུ་མཚོ་གཅིག་ཡོདཔ་སྦེ་ཡིད་ཆེས་བསྐྱེད་མི་འདི་ཡང་ལྷ་ཁང་གི་ལོག་གི་གྱང་གུར་རང་བཞིན་གྱི་ཆུ་ཐོན་དོ་ཡོད་མི་ལས་བརྟེན་ཨིན་པས།
༈ ལྷ་ཁང་གི་བླམ་གསར་བསྐོས་གནང་བ།
ཁེངས་རིགས་རྣམ་གསུམ་ནང་ལུ་ས་གནས་མང་ཆེ་ཤོས་ཅིག་ནང་ལུ་པད་གླིང་གི་ཆོས་རྒྱུན་དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོད་མི་དང་། གཡུས་ཚན་འདི་ནང་ལུ་ཡང་རིག་འཛིན་པདྨ་གླིང་པའི་བསྟན་པ་འདི་དར་ཏེ་ཡོདཔ་ལས་བརྟེན་གཡུས་མི་ཚུ་གིས་དེ་བང་སྤྱི་ལོ་༡༩༩༧ ལུ་༸སྒང་སྟེང་རིན་པོ་ཆེ་གིས་གཏིང་སྟི་སྦིས་ལུ་པད་གླིང་ཆོས་སྐོར་གྱི་དབང་འཁྲིད་གནང་བའི་སྐབས་ཁོང་གི་གཡུས་ཁ་ལུ་ལྷ་ཁང་བདག་འཛིན་འཐབ་མི་བླམ་ཅིག་གནང་དགོཔ་སྦེ་ཞུ་བ་ཕུལ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ཤུལ་ལས་ཡང་ཁོང་རའི་རྒེད་འོག་གི་རྒཔ་དང་གཡུས་ཀྱི་གོ་ཤེས་ཉན་ཤེསཔ་ཚུ་གིས་བླམ་ཅིག་འཕྲལ་ར་གནང་དགོ་པའི་གསོལ་འདེབས་ཞུཝ་ལས་བརྟེན་སྤྱི་ལོ་༢༠༠༩ ལུ་ཙཀྐླིང་གི་རྡོར་སློབ་བགྲེསཔ་བླམ་འཆི་མེད་ཚེ་དབང་བླམ་སྦེ་བསྐོ་བཞག་གནང་སྟེ་ད་རེས་ཚུན་གྱི་རིང་ལུ་ཁོ་གིས་སྦེ་ལྷ་ཁང་བདག་འཛིན་འཐབ་སྟེ་འདུག།
༈ སྒང་ཕུ་ལྷ་ཁང་གི་ནང་རྟེན།
ལྷ་ཁང་ཐོག་ཚད་གཅིག་འབད་མི་འདི་ནང་སྐུ་རྟེན་ཡང་། སྟོན་པ་ཤཱཀྱ་ཐུབ་པ་དང་། ཚེ་དཔག་མེད། གུ་རུ་རིན་པོ་ཆེ། སྤྱན་རས་གཟིགས། ཕྱག་རྡོར་ཚུ་མཇལ་ནི་ཡོདཔ་མ་ཚད། གུ་རུ་མཚན་བརྒྱད་དང་རྒྱལ་ཆེན་སྡེ་བཞི། སྤྱན་རས་གཟིགས་ཚུ་གི་ལྡེབས་བྲིས་ཚུ་ཡང་མཇལ་ནི་འདུག །ལྡེབས་བྲིས་འདི་ཚུ་ཡང་སྤྱི་ལོ་ ༡༩༧༥ དེ་ཅིག་ལུ་ལྷ་བྲིསཔ་སྤྲུལ་སྐུ་ཨོ་རྒྱན་ཚེ་རིང་ངམ་མཚན་གཞན་མེ་མེ་ལྷ་བྲི་པ་ཟེར་མི་གིས་བཞེངས་ཡོདཔ་སྦེ་བཤད་ནི་འདུག །
དེ་བཟུམ་སྦེ་༸སྒང་སྟེང་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཐོག་སྒོང་ཕུ་བླམ་འཆི་མེད་ཚེ་དབང་གིས་འགོ་འདྲེན་དང་གཡུས་ཁ་ལས་ཨིན་མི་གཞུང་གཡོགཔ་དང་སྦྱིན་བདག་ཚུ་གི་རྒྱབ་སྐྱོར་ཐོག་རིག་འཛིན་པདྨ་གླིང་པའི་མཐོང་གྲོལ་གཅིག་བཞེངས་ཡོད་མི་འདི་ཡང་སྤྱི་ལོ་ ༢༠༡༧ ལུ་བསྒྲུབས་ཏེ་རབ་གནས་ཡང་༸སྒང་སྟེང་རིན་པོ་ཆེ་མཆོག་གིས་གནང་ཡོདཔ་ཨིན་པས། ལྷ་ཁང་འདི་རྙིང་ཤོས་ཅིག་ཨིནམ་ལས་འཕྲལ་རང་ཉམས་བཅོས་ཞུ་ནིའི་འཆར་གཞི་ཚུ་ཡང་ཡོདཔ་མ་ཚད་ གཡུས་ཁའི་གཞུང་གཡོགཔ་དང་འབྲེལ་བ་ཡོད་པའི་སྦྱིན་བདག་ཚེ་ལས་མ་དངུལ་ཞལ་འདེབས་ཚེ་བསྡུ་བླང་འབད་བའི་བསྒང་རང་འདུག །
སྐུ་མཆོད་འབུམ་སྡེ།
ཨང་། | ཟླ | ཚེས | སྐུ་མཆོད | དྲན་གསོ |
༡༽ | ༡ | ༣ | རིག་འཛིན་པདྨ་གླིང་པའི་སྐུ་མཆོད། | གཡུས་མི་འགོ་འདྲེན་ཐོག |
༢༽ | ༡ | ༡༣-༡༦ | བདེ་ཆེན་ཞིང་སྒྲུབ། | |
༣༽ | ༤ | ༡༣-༡༦ | སྨྱུང་གནས། | |
༤༽ | ༥ | ༡༡-༡༥ | འབུམ་དག་ཚར། | |
༥༽ | ༥ | ༡༦ | ལོ་ལྟར་གསོལ་མཆོད། | |
༦༽ | ༡༠ | ༡༣-༡༦ | ལོ་ལྟར་ཚེས་བཅུའི་དགའ་སྟོན། | |
༧༽ | ཟླ་རིམ་གྱི་ཡར་ངོ་དང་མར་ངོའི་ཚེས་བཅུ་འདི་གཡུས་མི་གུང་པ་ ༦ རེ་བསྡོམས་ཏེ་བཟུང་སྲོལ་འདུག |
དེ་བཟུམ་སྦེ་སྤྱི་ལོ་ ༢༠༡༤ ལས་འགོ་བཟུང་ལོ་གསུམ་གྱི་བར་ན་གཡུས་མི་ཚུ་མཉམ་རུབ་ཀྱི་ཐོག་ལས་སྒྲུབ་ཆེན་ཚར་རེ་གནང་དོ་ཡོདཔ་དང་། འདི་ནང་༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་དབུ་བཞུགས་ཐོག་སྒང་སྟེང་དགོན་པ་ལས་དགེ་སློང་ཚུ་གིས་གནང་དོ་ཡོདཔ་ཨིན་པས།
དྲི་བསྟུན་འབད་ས། བླམ་འཆི་མེད་ཚེ་དབང་། ༡༧༦༧༧༡༡༤
སྒོང་ཕུག་ཚོགས་པ་ཨམ་ཨོ་རྒྱན་སྒྲོལ་མ། ༡༧༧༤༦༠༧༢