Select Page

Kunzang Choeling Drubdhey, Gangteng Gewog, Wangdiphodrang

སྒང་སྟེང་ཀུན་བཟང་ཆོས་གླིང་གི་སྒྲུབ་སྡེ་གཞི་བཙུགས་མཛད་ཚུལ་གྱི་སྐོར།
རྒྱལ་བའི་སྙིང་ནོར་མ་ལུས་བསྡུས་པའི་བཅུད། །གསང་ཆེན་རྫོགས་པ་ཆེན་པོའི་ཉམས་ལེན་གྱིས། །རིམ་གཉིས་ཟུང་འཇུག་ལམ་གྱི་གནས་བཟང་འདིའི། །ལོ་རྒྱུས་མཐོང་བ་དོན་ལྡན་འདི་ནང་གསལ། །
སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པར་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཟེར་གསུངས་དོ་བཟུམ་སྦེ་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ནང་བདེ་བ་ཡོད་ཚད་འབྱུང་བའི་གཞི་རྩ་ངོ་མ་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་སྡེ་སྣོད་གསུམ་དང་། རྟོགས་པ་བསླབ་པ་གསུམ་གྱི་བསྟན་པ་ལུ་རག་ལས་པར་བརྟེན། དེ་མི་ཉམས་རྒྱུན་སྐྱོང་གནང་ནི་གི་མཐའ་དོན་ལུ་དམིགས་ཏེ་རིགས་བདག་འཁོར་ལོའི་མགོན་པོ་སྒང་སྟེང་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་བཞེད་བླ་ན་མེད་པ་དང་། ཁྱད་པར་སྤྱི་ལོ་ ༡༩༨༨ རབ་བྱུང་ ༡༧ པའི་ས་འབྲུག་ལོར། མི་དབང་རྒྱལ་ཡུམ་ཞིང་གཤེགས་དམ་པ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་དགོན་པ་ལུ་གནས་མཇལ་གཟིགས་བསྐོར་ལུ་བྱོན་པའི་སྐབས་སྒང་སྤྲུལ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་བྱེད་ཀྱིས་ཕྱག་བཏབ་གནང་བའི་ཡང་དབེན་བསམ་གཏན་གྱི་ཁང་བུ་སྒྲུབ་གནས་ཀུན་བཟང་ཆོས་གླིང་གཙུག་ལག་ཁང་གི་མདུན་ལུ་བཞུགས་ཏེ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་ཐུགས་དད་གུས་ཀྱི་སྤྲོ་བ་ལྷག་པར་འཕེལ་བའི་ཚུལ་གྱིས་པད་གླིང་གི་བསྟན་པ་ཉག་ཕྲ་བར་ཐུག་སྟེ་ཡོད་མི་འདི་ལུ་ཐུགས་ཀྱིས་མ་བཟོད་པར་སླར་གསོ་བའི་ཆེད་དུ་གནས་འདི་ཁར་སྒྲུབ་སྡེ་ཅིག་བཙུགས་དགོཔའི་བཀའ་སློབ་དང་འཁྲིལ། དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ཡང་ཡུམ་མོ་རང་གིས་སྙན་སྒྲོན་ཞུ་ཞིནམ་ལས་མི་དབང་མཆོག་གི་ཞབས་ལས་ཡང་ཐུགས་བརྩེ་ཆེན་པོའི་སྒོ་ལས་བཀའི་གནང་བ་དང་སྒྲུབ་ཁང་གསར་སྐྲུན་གྱི་མ་དངུལ་རྒྱབ་སྐྱོར་གནང་སྟེ། སྤྱི་ལོ་ ༡༩༩༠ འི་ལོར་སྒྲུབ་སྡེ་པའི་བཞུགས་ཤག་དང་སྒྲུབ་བླའི་གཟིམ་ཅུང་ཚུ་ལེགས་ཤོམ་སྦེ་གྲུབ་ནུག
དཔལ་ལྡན་འབྲུག་པ་རིན་པོ་ཆེའི་རྒྱལ་ཚབ་མཁན་ཁྲི་རབས་ ༦༨ པ་ ༸སྐྱབས་རྗེ་མཁན་ཆེན་བསྟན་འཛིན་དོན་གྲུབ་རིན་པོ་ཆེ་མཆོག་དང་། རྒྱལ་ཡུམ་ཞིང་གཤེགས་དམ་པ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་ སློབ་ཕུར་པ་རྡོ་རྗེ་རྣམ་གསུམ་གྱིས་གཏན་འཇགས་ཀྱི་མ་དངུལ་ཚུ་གཞི་བཙུགས་གནང་བའི་ཆ་རྐྱེན་ལས་བརྟེན། སྤྱི་ལོ་ ༡༩༩༠ རབ་བྱུང་ ༡༧ པའི་ལྕགས་རྟ་ཟླ་ ༨ པའི་ཚེས་ ༡༥ ལུ་ སྒྲུབ་སྡེ་ཐེངས་དང་པ་འགོ་བཙུགས་གནང་བའི་རྟེན་འབྲེལ་དང་འབྲེལ་སྒྲུབ་པའི་བླ་མ་ཡང་༸སྐྱབས་རྗེ་མཁན་ཆེན་བསྟན་འཛིན་དོན་གྲུབ་རིན་པོ་ཆེ་མཆོག་གིས་མཛད་དེ་རང་ལུགས་པད་གླིང་ཆོས་འཁོར་ བཅུ་གསུམ་གྱི་གདམས་ངག་ཟབ་ཁྲིད་ཀྱི་ཉམས་བཞེས་ཚུ་བརྒྱུད་འཛིན་གྱི་སློབ་མ་ཡང་༸སྐྱབས་རྗེ་སྒང་སྤྲུལ་པད་ཕྲིན་དགུ་པ་ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་མཆོག་དང་༸སྐྱབས་རྗེ་ལྷ་ལུང་གསུང་སྤྲུལ་བཅུ་གཅིག་པ་འཇིགས་བྲལ་པདྨ་རྡོ་རྗེ་རྣམ་གཉིས་ཀྱིས་གཙོས་མཚམས་པ་ཞལ་གྲངས་དགུ་གིས་རིམ་གཉིས་ལམ་གྱི་རྣལ་འབྱོར་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་ལུ་ཞུགས་ཏེ་སྤྱི་ལོ་ ༡༩༩༣ ལུ་མཐར་ཕྱིན། སྤྱི་ལོ་ ༡༩༩༣ ལས་སྒྲུབ་སྡེ་ཐེངས་གཉིས་པའི་སྐབས་སུ་ཡང་སྤྱིར་པད་གླིང་རང་ལུགས་ཀྱི་གདམས་ངག་དང་། ཁྱད་པར་མན་ངག་ཟབ་ཁྲིད་ཀྱི་རིགས་ཚུ་༸སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་མཆོག་དང་ ༸སྐྱབས་རྗེ་སྒང་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་གནང་སྟེ། སྒྲུབ་སྡེའི་སློབ་དཔོན་གྱི་བདག་རྐྱེན་དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་རྡོར་སློབ་སྐུ་བགྲེས་སློབ་འབྲུག་སྒྲ་རྒྱ་མཚོ་མཆོག་གསར་བསྐོས་གནང་ནུག །སློབ་མཆོག་གིས་ཡང་སྒྲུབ་སྡེ་པ་ཡོངས་ལུ་ སྤྱི་ལོ་ ༡༩༩༣ ལས་འགོ་བཟུང་ད་ཚུན་རང་ལུགས་པད་གླིང་སྔོན་རྩ་རྫོགས་གསུམ་གྱི་ཟབ་ཁྲིད་དང་། ཁྱད་པར་མཐོ་སློབ་ཆེན་མོའི་འདུས་སྡེ་ཡོངས་ལུ་དུས་དང་དུས་སུ་བཀའ་ཆོས་ཀྱི་རིགས་ཚུ་གནང་བཞིན་བཞུགས་ཡོད།
སྤྱི་ལོ་ ༡༩༩༥ ལས་ ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་རང་གནས་ཀུན་བཟང་ཆོས་གླིང་གི་གནས་འདི་ཁར་བཤད་གྲྭའི་ལྟེ་བ་སྤོ་བཤུད་འབད་དགོས་པའི་ཐུགས་ཐག་བཅད་དེ། སྒྲུབ་ཁང་འདི་དགོན་པ་འདིའི་ཉེ་འདབས་ས་གནས་བྱང་ཆུབ་རྟེན་ཁ་ལུ་མཛེས་ཆོས་དང་ལྡན་པའི་སྒྲུབ་ཁང་ལྕགས་རི་དང་བཅས་པ་སྦེ་གསར་བཞེངས་གནང་སྟེ། སྤྱི་ལོ་ ༡༩༩༦ གི་ལོ་ལས་སྒྲུབ་སྡེ་ཐེངས་གསུམ་པ་དབུ་འཛུགས་གནང་བའི་སྐབས་སུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་བཞེད་ལྟར་ སྒྲུབ་སྡེའི་སློབ་དཔོན་རིན་པོ་ཆེ་མཆོག་གིས་སྒྲུབ་སྡེར་འཛུལ་ཞུགས་ཀྱི་བྱ་རིམ་ཚུ་ཡང་གཙོ་བོ་མཐོ་སློབ་ཆེན་མོའི་ནང་ལས་བསླབ་པ་མཐར་ཕྱིན་པའི་དགེ་འདུན་པ་དང་། དམིགས་བསལ་༸སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་དང་འཁྲིལ་གཏམ་ཞིང་ལྷ་ལུང་གྲྭ་ཚང་དང་། དགྲ་མེད་རྩེ་གྲྭ་ཚང་གི་དགེ་འདུན་པ་ཚུ་དང་། གཞན་ཡང་རྒྱལ་བ་པདྨ་གླིང་ཟབ་གཏེར་གྱི་ཉམས་ལེན་ལུ་དག་སྣང་ཅན་གྱི་དད་ལྡན་སློབ་མ་ཚུ་འཛུལ་ཞུགས་འབད་ནི་གི་སྒོ་སྐབས་བཟོ་གནང་སྟེ། རྗེ་བཙུན་འཁོར་ལོའི་མགོན་པོ་ ༸སྐྱབས་རྗེ་སྒང་སྤྲུལ་རིན་པོ་ཆེ་མཆོག་གིས་ཕྱི་གསོལ་ཕོགས་ཀྱི་མ་དངུལ་རྒྱབ་སྐྱོར་དང་། ནང་བསྐྱེད་རྫོགས་ཀྱི་ ཉམས་ཁྲིད། གསང་བ་རྫོགས་ཆེན་གྱི་གདམས་ངག་ཚུ་གནང་བཞིན་ཇི་སྲིད་ནམ་གནས་ཀྱི་བར་དུ་སྒྲུབ་པའི་རྒྱལ་མཚན་གནམ་དུ་བསྒྲེངས་ཏེ་མཛད་པ་དང་འཕྲིན་ལས་ཕྱོགས་ཀྱི་མཐའ་གྲུར་ཁྱབ་སྟེ་སྐུ་ཁམས་དགེ་བར་འཚོ་ཞིང་བཞུགས་ཡོད་པའོ།།
༼སྒྲུབ་བཞུགས་པ་རིམ་བྱོན་གྱི་མཚན་ཐོ།༽
སྒྲུབ་ཐེངས་དང་པོ། གསུང་སྤྲུལ་རིན་པོ་ཆེ་དང་སྒང་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོས། སློབ་འབྲུག་སྒྲ་རྒྱ་མཚོ། འཇིགས་མེད་བློ་གྲོས། ཆོས་ཀྱི་རྒྱལ་མཚན། བསྟན་འཛིན་སྐལ་བཟང་། དངོས་གྲུབ། བོད་ཀྲུ། འགྱུར་མེད་ཚེ་དབང་བཅས་མི་གྲངས་དགུའོ།།
སྒྲུབ་ཐེངས་གཉིས་པ། ཚེ་རིང་། ཕུར་པ་རྡོ་རྗེ། ཤེས་རབ་འོད་ཟེར། དོན་གྲུབ། ཀརྨ། ཚུལ་ཁྲིམས་བློ་གྲོས། སངས་རྡོ་རྗེ། འཕྲིན་ལས་རྡོ་རྗེ་བཅས་མི་གྲངས་བརྒྱད་དོ། །
སྒྲུབ་ཐེངས་གསུམ་པ། པ་སངས་རྡོ་རྗེ། ཚེ་དབང་ཕུན་ཚོགས། རྡོ་རྗེ་བསྟན་འཛིན། མཁན་ངག་དབང་བློ་གྲོས། འཆི་མེད་ཀུན་ལེགས། སློབ་གསང་སྔགས་ཡེ་ཤེས། ཚུལ་ཁྲིམས་མཐར་ཕྱིན། བླ་མ་མ་ཎི་བཅས་མི་གྲངས་བརྒྱད་དོ།།
སྒྲུབ་ཐེངས་བཞི་པ། ཉི་མ་དབང་འདུས། འཕུ་ཕུ། མགོན་པོ། མཁན་པོ་དཔལ་འབྱོར། ཀརྨ། པ་སངས། དགེ་ལེགས། ཕྲིན་ལས་རྡོ་རྗེ། དབང་ཕྱུག་རིག་འཛིན་བཅས་མི་གྲངས་དགུའོ།།
སྒྲུབ་ཐེངས་ལྔ་པ། མཁན་སྤྲུལ་སངས་རྒྱས་འོད་ཟེར། མཁན་པོ་འཇིགས་མེད་དབང་ཕྱུག། མཁན་པོ་པདྨ་དབང་ཕྱུག། མཁན་པོ་ཀརྨ་དབང་རྒྱལ། ཕྱག་རྡོར་དབང་ཕྱུག། ཕུར་པ་ཚེ་རིང་། སྤེན་པ། ཕུན་ཚོགས་རྡོ་རྗེ། ཀརྨ་བཅས་མི་གྲངས་དགུའོ།།
སྒྲུབ་ཐེངས་དྲུག་པ། མཁན་པོ་ཕྲིན་ལས། མཁན་པོ་མི་འགྱུར་རྣམ་རྒྱལ། མཁན་པོ་བསྟན་འཛིན་འཕྲིན་ལས། མཁན་སྤྲུལ་པདྨ་རྡོ་རྗེ། མཁན་པོ་ཀརྨ་དགེ་ལེགས། རིག་འཛིན། སྤེན་པ། རྒྱལ་མཚན། པདྨ་ཤེས་རབ། ཀརྨ་དབང་འདུས་བཅས་མི་གྲངས་བཅུའོ།།
སྒྲུབ་ཐེངས་བདུན་པ། མཁན་པོ་སངས་རྒྱས་བསྟན་འཛིན། མཁན་པོ་དབང་ཕྱུག་རྒྱ་མཚོ། མཁན་པོ་པདྨ་ཚེ་དབང། མཁན་པོ་དབང་ཕྱུག། མཁན་པོ་བསོད་ནམས་སྟོབས་རྒྱས། ཕྱག་རྡོར། ཨྱོན་ཚེ་རིང་། བཀྲ་ཤིས། དབང་ཕྱུག། པདྨ་ཚུལ་ཁྲིམས། རྡོ་རྗེ་དབང་འདུས། ཨྱོན་རྡོ་རྗེ། ཚུལ་ཁྲིམས་བསྟན་འཕེལ་བཅས་མི་གྲངས་བཅུ་གསུམ་མོ།།
སྒྲུབ་ཐེངས་བརྒྱད་པ། བསོད་ནམས་དཔལ་སྐྱིད། བློ་གྲོས་བཟང་པོ། བཀྲ་ཤིས། བསོད་ནམས་རྡོ་རྗེ། སངས་རྒྱས། སྤྲུལ་སྐུ་སངས་རྒྱས་འཆི་མེད་རིན་ཆེན། རྟ་མགྲིན་རྡོ་རྗེ། བསོད་ནམས་ཚེ་རིང་། སངས་རྒྱས་དངོས་གྲུབ། རྣམ་རྒྱལ་དབང་འདུས། བསོད་ནམས་འཕྲིན་ལས། རྒྱལ་མཚན། ལེགས་སྐྱིད་རྡོ་རྗེ། རྡོར་བརྟན་དབང་ཕྱུག་བཅས་མི་གྲངས་བཅུ་བཞིའོ།།
སྒྲུབ་ཐེངས་དགུ་པ། མཁན་པོ་བསོད་ནམས་བཟང་པོ། ཚེ་རིང་དཔལ་འབྱོར། བསོད་ནམས་ཨོ་རྒྱན། ཆོས་རྒྱལ་བཟང་པོ། ཡེ་ཤེས་བློ་གྲོས། ཚེ་རིང་དཔལ་འབྱོར། ཆོས་དབྱིངས་ནོར་བུ། འཆི་མེད་དཔལ་འབྱོར། པདྨ་རྒྱ་མཚོ། ཀུན་བཟང་དབང་འདུས། ཨོ་རྒྱན་ཚེ་རིང་། ངག་དབང་རྡོ་རྗེ། ཀུན་ལེགས་རྒྱལ་མཚན། ལས་སྐྱིད་བཅས་མི་གྲངས་བཅུ་བཞིའོ།།
སྒྲུབ་ཐེངས་བཅུ་པ། མཁན་པོ་སེངྒེ་རྡོ་རྗེ། ཕུརཔ་བསྟན་འཛིན། པདྨ་རྒྱ་མཚོ། བཀྲིས་སྟོབས་རྒྱས། ཉི་མ་བཀྲིས། སྤྲུལ་ཚེ་དབང་བསྟན་འཛིན། རྡོ་རྗེ་རྒྱལ་མཚན། འཇིགས་མེད་ལྷུན་གྲུབ། རྡོ་ཕུག། ཡེ་ཤེས་རྡོ་རྗེ། ཚེ་རིང་དབང་འདུས། ཡོན་ཏན་ཕུན་ཚོགས། བཀྲིས་རྡོ་རྗེ། ཨྱོན་བསྟན་འཛིན་བཅས་མི་གྲངས་བཅུ་བཞིའོ།།