༄༅། །ཨཱཿ བརྒྱ་པདྨ་གཡང་རྫོང་སྒྲུབ་སྡེ།
ཨཱཿ བརྒྱ་པདྨ་གཡང་རྫོང་འདི། རྒྱ་མཚོ་ཁ་ལས་མཐོ་ཚད་མི་ཊར་ ༢༦༨༠ གི་ས་ཁར་ཆགས་ཡོདཔ་དང་། མོང་སྒར་ཡ་དྷི་ལས་གསེར་གཞོང་བརྒྱུད་དེ་ཡ་རབ་ཀྱི་མཇུག་ཁ་བྲང་ཚུན་ཀི་ལོ་མི་ཊར་ ༣༨ ལྷགཔ་ཅིག་འགྱོ་དགོཔ་དང་། ཡ་རབ་ལས་རྡོ་ལེབ་བཏང་བརྒྱུད་ཆུ་ཚོད་ ༦ དེ་ཅིག་རྐང་ཐང་སྦེ་འགྱོཝ་ད་གནས་སྒོ་དང་པ་མི་གཏེར་ཟེར་དགེ་སློང་བརྒྱ་དང་བརྒྱད་གཏེར་ལུ་སྦས་བཞག་སའི་གནས་ནང་ལྷོདཔ་ཨིན་པས། དེ་ལས་ཞབས་རྗེ་ཐང་དང་ཉི་མའི་ཐང་། དེ་བཟུམ་སྦེ་ཟླ་བའི་ཐང་དང་སྐར་མའི་ཐང་བརྒྱུད་དེ་ཆུ་ཚོད་ ༣ དེ་ཅིག་གི་ས་ཁར་ཨཱཿ བརྒྱ་པདྨ་གཡང་རྫོང་འདི་ཆགས་ཏེ་འདུག །
པདྨ་གཡང་རྫོང་འདི་ཨཱཿ བརྒྱའི་གནས་ཚུ་གི་ལྟེ་བ་བཟུམ་ཅིག་གུ་ཆགས་ཏེ་ཡོདཔ་དང་། ཕྱི་ལྟར་དུ་པདྨ་གཡང་རྫོང་དང་། ནང་ལྟར་དུ་བདེ་ཆེན་ཕོ་བྲང་། གསང་བ་ལྟར་དུ་ཟངས་མདོག་དཔལ་རི་ཟེར་བའི་མཚན་གྱི་རྣམ་གྲངས་གསུམ་དེ་ཅིག་སླབ་སྲོལ་འདུག །དེ་མ་ཚད་ ཨ་བརྒྱ་པདྨ་གཡང་རྫོང་འདི ཨཱཿ བརྒྱ་གནས་ལུ་ བར་སྐོར་དང་ནང་བསྐོར། རྩེ་སྐོར་དང་ར་སྐོར་རམ་རོང་སྐོར་ཟེར་ཡོད་པའི་ནང་ལས་ནང་སྐོར་ནང་ལུ་ཚུདཔ་ཨིན་པས། སྐོར་རེ་རེ་ལུ་ཟངས་མདོག་དཔལ་རི་རེ་རེ་བརྩི་དོ་ཡོད་མི་ལས་པདྨ་གཡང་རྫོང་འདི་ནང་སྐོར་གྱི་ཟངས་མདོག་དཔལ་རི་སྦེ་བཞགཔ་ཨིན་པས།
མོང་སྒར་ཆབ་འོག །ཤྲཱི་མུ་ཧཱུྃ་རྒེད་འོག་ནང་ལུ་ཆགས་ཏེ་ཡོད་པའི་ཡོངས་གྲགས་ཅན་གྱི་ཨ་བརྒྱ་གནས་འདི་འབྲུག་ལུ་ཡོད་པའི་གུ་རུའི་སྦས་གནས་ཚུ་ལས་ཁྱད་དུ་འཕགས་པའི་གནས་གཅིག་སྦེ་བརྩི་དོ་ཡོདཔ་ཨིན། དེ་སྦེ་ཨིན་པའི་རྒྱུ་མཚན་ཡང་གུ་རུ་རིན་པོ་ཆེའི་ཨཿབརྒྱ་ལུང་གི་གནས་ཡིག་མཐོང་བ་ཀུན་གྲོལ་དང་ལུང་བསྟན་ལས། ཨ་བརྒྱ་ལུང་གི་ཡོན་ཏན་བསམ་ལས་འདས༔ གནས་དེར་སླེབས་པ་ཙམ་གྱིས་བདེ་བ་ཐོབ༔ དྲན་པ་ཙམ་གྱིས་བྱང་ཆུབ་ངེས་པར་ཐོབ༔ ནུབ་ཕྱོགས་བདེ་བ་ཅན་དང་ཁྱད་མེད་ཡིན༔ ཟེར་བ་ལ་སོགས་པ་གསུངས་ཏེ་གནས་འདི་ནང་ལྷོད་པའི་སེམས་ཅན་ཚུ་ངན་སོང་གི་གནས་ལུ་མི་བཏང་ཟེར་གུ་རུ་རིན་པོ་ཆེ་རང་གིས་དབུ་མནའ་བཞེས་ཏེ་ས་ཆ་ཡོད་ཚད་བྱིན་གྱིས་བརླབས་གནངམ་ལས་བརྟེན་ཨིན་པས།
ཨཱཿ བརྒྱ་ཟེར་བའི་རྒྱུ་མཚན་ཡང་ བཤད་སྲོལ་ལུ་ ས་བོན་ཡིག་འབྲུ་ཨོཾ་ཨཱཿ ཧཱུྃ་ ཟེར་གནས་གསུམ་ཡོད་ས་ལས། བཀྲ་ཤིས་གཡང་རྩེ་ཨོཾ་སྦ་གནས་ལུ་ཡི་གུ་ཨོཾ་བརྒྱ་དང་། མོང་སྒར་ཤྲཱི་མུ་ཧཱུྃ་ ལུ་ཡི་གུ་ཨཱཿབརྒྱ། དེ་བཟུམ་སྦེ་མོང་སྒར་ཤྲཱི་ཆུའི་བྱག་གི་ལོགས་ལུ་ཧཱུྃ་བརྒྱ་སྦས་བཞག་ཞིནམ་ལས་སྦས་གནས་ལུ་བྱིན་གྱིས་བརླབ་གནང་བའི་གྲས་ལས་ གནས་འདི་ཡི་གུ་ཨཱཿབརྒྱ་ཐམ་པ་གཏེར་ལུ་སྦ་བཞག་པའི་རྒྱུ་མཚན་གྱིས་ཡོངས་གྲགས་ལུ་ཨཱཿ བརྒྱ་གནས་ཟེར་སླབ་ཨིན་པས། དེ་བཟུམ་སྦེ་ལ་ལུ་ཅིག་གིས་བཤད་སྲོལ་ལུ་ བརྒྱ་ཟེར་མི་འདི་གྱངས་ཁའི་བརྒྱ་འདི་མེན་པར་ ཕྱག་རྒྱ་དང་རྒྱ་བཏབ་པའི་རྒྱ་ལུ་ཡང་གོ་ནི་བཟུམ་ཡོདཔ་ལས་ ཨཱ་བརྒྱ་ཐམ་པ་མེན་པར་ཨཱ་རྒྱ་བཏབ་གནང་བའི་རྒྱུ་མཚན་གྱིས་ ཨཱཿ རྒྱ་གནས་ཟེར་མེན་ན་ཟེར་བའི་དོགས་གཞི་བཀོད་རུང་། ཁྱབ་ཆེ་དྲག་འདི་གོང་གི་ཨཱཿ བརྒྱ་གནས་འདི་རང་དར་ཁྱབ་འགྱོ་སྟེ་འདུག །
༈ གདན་ས་བཅགས་གནང་བའི་ལོ་རྒྱུས།
འདི་ནང་འགོ་ཐོག་དུས་རབས་ ༡༨ པའི་ནང་བླ་མ་རྗེ་བཙུན་ཀརྨ་འཇམ་དབྱངས[1]་ཟེར་མི་གཅིག་གིས་གདན་ས་བཅགས་གནང་སྟེ་ལྷ་ཁང་ཆུང་སྐུ་ཅིག་བཞེངས་ཡོདཔ་ཨིན་པས། ད་ལྟོ་ཡོད་པའི་ལྷ་ཁང་གི་ས་ཆ་འདི་ཡང་སྐྱེ་བཙན་ཀླུ་མོ་སྟག་གདོང་མ་གིས་གདན་ས་བཅགས་མི་བླམ་ལུ་ཕུལ་ཡོདཔ་སྦེ་བཤད་ནི་འདུག །བླ་མའི་བརྒྱུད་འཛིན་སྲས་བླ་མ་ཤར་ཆུང་ཟེར་མི་ཅིག་བྱོན་ཡོད་མི་འདི་གིས་ལྷ་ཁང་འདི་བདག་འཛིན་འབད་ཡོད་རུང་བརྒྱུད་པ་ཆད་སོངམ་ལས་ཁོང་གི་ཤུལ་ལས་བདག་འཛིན་འབད་མི་མེད་པར་ལྷ་ཁང་འདི་ཉམས་ཆག་ཤོར་ཏེ་ལོ་མང་རབས་ཅིག་སོང་ཡོདཔ་ལས་ཉམས་བཅོས་ཞུ་མི་མ་ཐོན་པར་ནགས་ཚལ་གྱིས་སྤུབས་ཏེ་རྩིགཔ་རག་རོག་གཅིག་ལས་མཇལ་མ་ཚུགསཔ་ཐལ་མི་འདི། ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ཐུགས་ཀྱིས་མ་བཟོད་པར་མཐིལ་ལིང་ལས་ཨིན་མི་མཚམས་པ་རྡོ་རྗེ་བསྟན་འཛིན་ལུ་ སྤྱིར་བཏང་ཨཱཿ བརྒྱ་གནས་འདི་རྩ་ཅན་ཅིག་ཨིནམ་མ་ཚད། པདྨ་གཡང་རྫོང་འདི་ཨཱཿབརྒྱ་གནས་ཀྱི་ལྟེ་བ་ཅིག་ཨིནམ་ལས་འདི་ནང་བཤད་གྲྭ་དང་གྲྭ་ཚང་བཙུགས་མ་ཚུགས་རུང་སྒྲུབ་སྡེ་གཅིག་ངེས་པར་དུ་བཙུགས་དགོ་པའི་བཀའ་གནང་སྟེ་ ༡༩༩༩ ལས་མོང་སྒར་རྫོང་ཁག་བདག་སྐྱོང་དང་ཤྲཱི་མུ་ཧཱུྃ་རྒེད་འོག་གི་མི་སེར་ཚུ་གིས་རྒྱབ་སྐྱོར་ཐོག་སྒྲུབ་སྡེ་བཞེངས་ནི་འགོ་བཙུགས་ཏེ་ལོ་གཉིས་ཀྱི་ནང་འཁོད་སྒྲུབ་གནང་ནུག །དེ་བཟུམ་སྦེ་ཚོགས་ཁང་འདི་སྤྱི་ལོ་ ༢༠༠༥ ལུ་གཞུང་ཞབས་དང་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ། དེ་ལས་དད་ལྡན་སྦྱིན་བདག་ཚུ་མཉམ་རུབ་ཀྱི་ཐོག་ལས་བཞེངས་གནང་ནུག ། ལྷ་ཁང་ནང་གི་ནང་རྟེན་ཡང་རྒྱུ་ཟངས་ལས་གྲུབ་པའི་གུ་རུ་སྣང་སྲིད་ཟིལ་གནོན་གཙོ་འཁོར་གསུམ་མཇལ་ནི་ཡོད།
༈ སྒྲུབ་སྡེའི་སྐོར།
དེ་ལས་ལོ་གསུམ་ཕྱོགས་གསུམ་གྱི་ལས་རིམ་འགོ་བཙུགས་ཏེ་འགོ་ཐོག་མཚམས་པ་ལྔ་གིས་ཁྲིད་ལུང་ཆ་ཚང་རིན་པོ་ཆེ་ལས་ཞུས་ཞིནམ་ལས་སྒྲུབ་དཔོན་ཡང་སློབ་དཔོན་འབྲུག་སྒྲ་རྒྱ་མཚོ་གིས་མཛད་ཡོདཔ་ཨིན་པས། སྒྲུབ་ཐེངས་དང་པོའི་སྐབས་མཚམས་པ་ཚུ་གི་མཐུན་རྐྱེན་ཆ་ཚང་ ཀློང་སྟོད་ལས་ཨིན་མི་བླམ་དོན་གྲུབ་བཤགས་མི་གིས་དད་ལྡན་སྦྱིན་བདག་ཚུ་ལས་རྒྱབ་སྐྱོར་འཚོལ་ཏེ་མཛད་གནང་ནུག །དེ་བཟུམ་སྦེ་མཚམས་པ་ཚུ་གི་དངུལ་ཕོག་དང་དུང་རྒྱ་གླིང་ལ་སོགས་པའི་མཆོད་ཆས་ཚུ་ཡང་ལེ་ཤ་ཅིག་རང་མཁོ་སྒྲུབ་མཛད་གནང་ཡོདཔ་ཨིན་པས།
སྒྲུབ་ཐེངས་གཉིས་པའི་སྐབས་སྒྲུབ་དཔོན་བླམ་འཆི་མེད་ཀུན་ལེགས་ཀྱིས་མཛད་ཡོདཔ་དང་། འཚོ་བའི་ཡོ་བྱད་ཚུ་ཡང་བླམ་ཁོ་རའི་ངོ་ཤེས་འདྲིས་ཤེས་ཚུ་ལས་རྒྱབ་སྐྱོར་ལེན་ཏེ་མཛད་གནང་ནུག །དེ་མ་ཚད་མ་དངུལ་ཁོ་ར་ལས་གནང་སྟེ་པདྨ་གཡང་རྫོང་གི་ཉེ་འདབ་ལུ་ རིན་པོ་ཆེའི་གཟིམ་ཅུང་གཅིག་ཡང་གསར་བཞེངས་གནང་སྟེ་འདུག །
སྒྲུབ་སྡེ་ཐེངས་གསུམ་པའི་སྐབས་སྒྲུབ་དཔོན་མཁན་སྤྲུལ་བཛྲ་གུ་རུའམ་མཁན་སྤྲུལ་པདྨ་རྡོ་རྗེ་མཆོག་གིས་ལྕགས་ས་མཁར་བཤད་གྲྭའི་དབུ་འཛིན་དང་འབྲེལ་ཏེ་མཛད་གནང་ནུག །འཚོ་བ་མཐུན་རྐྱེན་ཡང་མཁན་སྤྲུལ་རང་གིས་ཐབས་ཤེས་མཛད་ཐོག་ལས་གནང་ནུག །
དེ་ལས་ཨཱཿ བརྒྱ་པདྨ་གཡང་རྫོང་སྒྲུབ་སྡེ་འདི་ཁྲོམ་དང་གཡུས་ཚན་ཚུ་ལས་ས་ཐག་རིང་སོང་བའི་རྐྱེན་གྱིས་མཚམས་ཁང་ཉམས་ཆག་ཤོར་མི་འདི་ལོག་ཉམས་བཅོས་འབད་མ་ཚུགསཔ་མ་ཚད་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་གནང་མི་ཡང་འཕྲོ་འཐུད་མ་ཚུགས་པར་ལུས་ཡོདཔ་ཨིན་པས། ཨིན་རུང་ནཱ་ལས་ཕར་དད་ལྡན་སྦྱིན་བདག་ཚུ་ལས་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཚུགས་པ་ཅིན་མཚམས་ཁང་ཚུ་ལོག་ཉམས་བཅོས་ཞུ་ཞིནམ་ལས་ལོ་གསུམ་ཕྱོགས་གསུམ་གྱི་རིམ་པ་ཚུ་ཡང་ལོག་སྟེ་རང་འཕྲོ་འཐུད་ནིའི་འཆར་གཞི་ཡོདཔ་ཨིན་པས། དེ་གི་དོན་ལུ་ལྕགས་ས་མཁར་མཁན་པོ་སངས་རྒྱས་བསྟན་འཛིན་གྱིས་འགོ་འདྲེན་ཐོག་ལས་ཨཱཿ བརྒྱ་ཚོགས་པ་ཟེར་མི་ངོམ་བརྒྱད་དེ་ཅིག་ཡོད་པའི་ཚོགས་པ་གཅིག་ཡང་བཟོ་གནང་ནུག །ཚོགས་པའི་ཁྲི་འཛིན་འདི་མཁན་སྤྲུལ་པདྨ་རྡོ་རྗེ་ཨིནམ་དང་། འཐུས་མིའི་གྲལ་ལུ་རྒེད་འོག་གི་ཁྲི་འཛིན་ཡང་ཡོདཔ་ཨིན་པས།
ཚོགས་པའི་དམིགས་ཡུལ་གཙོ་བོ་རང་། ད་ལྟོ་ཡོད་པའི་སྒྲུབ་སྡེ་འདི་ཉམས་བཅོས་འབད་ཞིནམ་ལས་སྔོན་འགྲོ་ཟླཝ་སྦེ་གནང་མི་ཚུ་བཞུགས་ས་བཟོ་ནི་དང་། ལོ་གསུམ་ཕྱོགས་གསུམ་བཅད་སའི་སྒྲུབ་ཁང་འདི་ད་ལྟོ་རིན་པོ་ཆེའི་གཟིམ་ཅུང་ཡོད་སའི་མཐའ་སྐོར་ཏེ་བཞེངས་ནིའི་འཆར་གཞི་ཡོདཔ་དང་། ལོ་གཉིས་གསུམ་དེ་ཅིག་གི་རྒྱབ་ལས་ལོག་སྟེ་རང་ལོ་གསུམ་ཕྱོགས་གསུམ་གྱི་རིམ་པ་ཚུ་འཕྲོ་འཐུད་ཚུགས་པའི་རེ་བ་བསྐྱེདཔ་ཨིན་པས། དེ་དང་འཁྲིལ་ཏེ་རྫོང་ཁག་དང་རྒེད་འོག་ཚུ་ལས་ཉམས་བཅོས་འབད་ནིའི་རྒྱབ་སྐྱོར་དང་དད་ལྡན་ཚུ་ལས་མ་དངུལ་གྱི་རྒྱབ་སྐྱོར་འཚོལ་བའི་བསྒང་རང་འདུག །སྐུ་མཆོད་འབུམ་སྡེ་ཡང་སྦྱིན་བདག་འཐོན་ཏེ་ཚོགས་འབུམ་ལོ་རེ་བཞིན་གནང་མི་འདི་མ་གཏོགས་དམིགས་བསལ་གྱི་འབུམ་སྡེ་གཞན་ག་ནི་ཡང་མིན་འདུག །
ངག་འདྲི་ཞུ་ས།
མཚམས་པ་རྡོ་རྗེ་བསྟན་འཛིན། ཨཿབརྒྱ་གནས།
བླམ་འཇམ་དབྱངས་རྡོ་རྗེ། གསེར་གཞོང་།
[1] བཤད་སྲོལ་ལུ་གནས་སྒོ་ཕྱེ་མི་ཡང་བླམ་འདི་ཨིནམ་སྦེ་སླབ་ནི་འདུག །