༄༅། །གཏོར་མ་གཞོང་སངས་རྒྱས་ཆོས་གླིང་བཙུན་མའི་གཞི་རིམ་བཤད་གྲྭ།
གཏོར་མ་གཞོང་སྒྲོལ་མའི་ལྷ་ཁང་ངམ་མཚན་གཞན། གཏོར་མ་གཞོང་སངས་རྒྱས་ཆོས་གླིང་སྒྲོལ་མའི་ལྷ་ཁང་ཟེར་ཞུ་མི་ལྷ་ཁང་འདི། ཧོ་རོང་ལས་ཙཀྐླིང་རྒེད་འོག་གི་སྣུམ་འཁོར་ལམ་བརྒྱུད་དེ་ཀི་ལོ་མི་ཊར་ ༡༥ དེ་ཅིག་དང་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་ ༢ དེ་ཅིག་གི་ས་གནས་རྡོ་ལེབ་བཏང་ཟེར་སར་ལྷ་ཁང་འདི་ཆགས་ཏེ་འདུག །
གཏོར་མ་གཞོང་ཟེར་བའི་དོན།
ཆ་ལིང་པའི་ཁ་སྐད་ནང་སྤོག་ཏོ་ལུ་གཞོང་ཟེར་སླབ་སྲོལ་ཡོདཔ་དང་། སྤོག་ཏོ་གཅིག་གུ་རྡོ་སྦོམ་དམར་གཏོར་བཟུམ་ཅིག་ཡོད་ནི་འདི་གིས་ “གཏོར་མ་གཞོང་” ཟེར་སླབ་ཨིན་པས། དེའི་ཉེ་འདབ་ལུ་མཐོ་གཞོང་དགོན་པ་ཟེར་མི་འདི་ཡང་སྒང་མཐོ་དྲག་སྦེ་མཐོང་གསལ་ཆེ་ཏོག་ཏོ་ཅིག་གུར་ཆགས་ཏེ་ཡོདཔ་ལས་སའི་མིང་མཐོ་གཞོང་དགོན་པ་ཟེར་ཆ་ལིང་པའི་མི་གཅིག་གིས་བཏགས་ཡོདཔ་སྦེ་བཤད་ནི་འདུག །དེ་བཟུམ་སྦེ་རྡོ་ལེབ་བཏང་ཟེར་མི་འདི་རྡོ་ལེབ་ལེ་ཤ་འཐོན་སའི་ས་སྒོ་ཅིག་འབད་ནི་འདི་གི་རྡོ་ལེབ་བཏང་དང་། གཞན་ཡང་ཆ་ལིང་པའི་ཨམ་སྲུ་ལེབ་བཏང་ཟེར་མི་འདི་གཡུས་ཚན་འདི་ནང་གནསམོ་སྦེ་འཛུལ་ཏེ་ཨིན་ཟེར་ཡང་སླབ་སྲོལ་འདུག །
༈ དགོན་པ་བཞེངས་དགོས་པའི་དམིགས་ཡུལ།
ད་ལྟོ་སྒྲོལ་མའི་ལྷ་ཁང་ཡོད་སའི་ས་གནས་ནང་ལུ་ཧེ་མ་བླ་ཆེན་ཚུ་བྱོན་ཏེ་གདན་ས་བཅགས་པའི་ལོ་རྒྱུས་ག་ནི་ཡང་མེད། ཨིན་རུང་ གཏོར་མ་གཞོང་གི་གཡུས་ཚན་འདི་ནང་བླམ་ཆོསཔ་དཀོན་དྲག་ཡོདཔ་མ་ཚད་སྔོན་མ་ལས་པད་གླིང་གི་ཆོས་བརྒྱུད་འབད་མི་གཅིག་ཨིནམ་ལས་མི་ཉམས་བརྟན་ཐབས་ལུ་དམིགས་ཏེ་སྤྱི་ལོ་ ༢༠༡༠ ལོ་ལུ་སའི་ཇོ་བདག་དང་རྒེད་འོག་ཁྲི་འཛིན་ཚུ་གིས་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་ཨ་ཎེའི་དགོན་པ་གཅིག་གཞི་བཙུགས་མཛད་དགོ་པའི་གསོལ་འདེབས་ཞུས་པ་ལྟར། གཏོར་མ་གཞོང་ཕྱུག་པོ་དྲུང་པ་བཀྲ་ཤིས་ཀྱི་བུ་ཤེས་རབ་རྩེ་དང་སེམས་རྟོག་ཁའི་ལེགས་སྦྱར་བ་བགྲེསཔ་སློབ་དཔོན་བསྟན་འཛིན་གྱི་ཨ་པ་པདྨ་རྡོ་རྗེ་དང་ཨའི་སངས་རྒྱས་དབང་མོ་གཉིས་ཀྱིས་ས་ཆ་ཨེ་ཀར་ ༧ ལྷགཔ་ཅིག་ཕུལ་ཡོདཔ་ཨིན་པས།
འདི་ནང་ ༸སྐྱབས་རྗེ་རིན་པོ་ཆེ་གིས་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་ནི་དང་། ལྷག་པར་གཏོར་མ་གཞོང་གི་མི་སེར་ཚུ་གི་ཕན་བདེ་ལུ་དགོངས་ཏེ་ བུམ་ཐང་སྟངས་པདྨ་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་གླིང་བཙུན་མའི་མཐོ་རིམ་བཤད་གྲྭ་ནང་ལས་གཞི་རིམ་གཉིས་པའི་སློབ་སྦྱོང་པ་ཚུ་གཏོར་མ་གཞོང་ལུ་བཏང་དགོསཔ་སྦེ་བཀའ་གནང་སྟེ། སྤྱི་ལོ་ ༢༠༡༣ ལུ་སློབ་དཔོན་མ་བསམ་གཏན་ལྷ་མོ་དང་ཀརྨ་བསྟན་འཛིན་གཉིས་དང་ཅིག་ཁར་གཞི་རིམ་གཉིས་པའི་སློབ་ཕྲུག་ ༦ དེ་ཅིག་འདི་ནང་སྤོ་ཤུད་འབད་དེ་ཡོདཔ་ཨིན་པས། བཙུན་མའི་བཤད་གྲྭ་ནང་ལུ་ལྟོ་ཕོག་ཚུ་ ༸སྐྱབས་རྗེ་རིན་པོ་ཆེ་དང་བུམ་ཐང་བཙུན་མའི་མཐོ་རིམ་བཤད་གྲྭ་ནང་ལས་གནང་དོ་ཡོདཔ་ཨིན་པས།
སྤྱི་ལོ ༢༠༡༣ གྱི་ལོ་འདི་ནང་རང་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་བྱོན་ཞིནམ་ལས་ད་ལྟོ་ཡོད་པའི་སྒྲོལ་མའི་ལྷ་ཁང་གི་ལས་འགུལ་ཡང་འགོ་བཙུགས་གནང་སྟེ། རྒེད་འོག་གི་མི་སེར་དམངས་དང་དད་ལྡན་སྦྱིན་བདག་ཚུ་གིས་རྒྱབ་སྐྱོར་མཛད་དེ་ལྷ་ཁང་ཕྱི་ནང་གི་རྟེན་དང་བཅས་པ་སྒྲུབ་ཚར་ཏེ་སྤྱི་ལོ་ ༢༠༢༠ ལོ་ལུ་རབ་གནས་མཛད་ནིའི་འཆར་གཞི་ཡོད་རུང་ནད་ཡམས་ལས་བརྟེན་མཛད་མ་ཚུགས་པས། དེ་བཟུམ་སྦེ་ ༢༠༡༤ ལོ་ལས་བཞུགས་ཤག་ཚུ་རྒེད་འོག་བདག་སྐྱོང་དང་མི་སེར་ཚུ་གི་རྒྱབ་སྐྱོར་ཐོག་ལས་སྒྲུབ་གནང་ནུག །
ད་ལྟོ་ཚུན་བཙུན་མའི་གཞི་རིམ་བཤད་གྲྭ་འདི་ནང་ལས་མཐར་ཁྱོལ་མི་སློབ་ཕྲུག་ ༡༤༠ དེ་ཅིག་འཐོན་ཡོདཔ་དང་། ད་རེས་ནངས་པ་སློབ་དཔོན་མ་ ༢ དང་སློབ་ཕྲུག་ ༡༥ ཡོདཔ་ཨིན་པས། ལྷ་ཁང་དང་གཞི་རིམ་བཤད་གྲྭ་གསར་བཙུགས་འབད་དེ་ལོ་གངམ་མ་འགྱོཝ་ལས་བརྟེན་ཕྱིའི་མཐུན་རྐྱེན་གྱི་ཐོག་ལས་དཀའ་ཚུ་བྱུང་ཏེ་རང་འདུག །ནཱ་ལས་ཕར་གྱི་ལས་འཆར་ཡང་ཕྱིའི་ལྕགས་རི་སྒོར་ནི་དང་། གསང་སྤྱོད་རྐྱབ་ནི། དེ་བཟུམ་སྦེ་ཤུལ་ལས་བཙུན་མའི་མཐོ་རིམ་བཤད་གྲྭ་མཐར་ཁྱོལ་མི་དང་རྒས་ཤོས་ཚུ་སྒོམ་ཉམས་ལེན་འབད་ནིའི་སྒོ་སྐབས་ཡང་བྱིན་ནིའི་འཆར་གཞི་འདུག །
༈ རྩ་གཞུང་།
ཨང་། | འཛིན་གྲྭ | སློབ་ཚན། | ཟུར་བརྗོད། |
༡༽ | གཞི་རིམ་གཉིས་པ། | ངག་སྒྲོན། ལེགས་བཤད་ལྗོན་དབང་། ཀཱ་རི་ཀཱ། བྱིས་པ་དག་ཡིག ། | གཞན་ཡང་དཀྱིལ་ཆོག་གི་སྐོར་ཚུ་སློབ་སྟོན་འབད་ནི་འདུག ། |
༈ ལོ་ལྟར་གྱི་སྐུ་མཆོད་འབུམ་སྡེ།
ཨང་། | ཟླ | ཚེས | འབུམ་སྡེ | ཉིན་གྲངས། |
༡༽ | ༡ | ༣ | རིག་འཛིན་པདྨ་གླིང་པའི་འདས་མཆོད། | ༡ |
༢༽ | ༡ | ༨/༡༥ | སྒྲོལ་མ་འབུམ་ཚོགས། | ༧ |
༣༽ | ༡ | ༢༠/༢༥ | རྒྱལ་བའི་བཀའ་འགྱུར། | ༦ |
༤༽ | ༣ | ༡༠ | ཞབས་དྲུང་སྐུ་མཆོད། | ༡ |
༥༽ | ༤ | གང་རུང་ལ། | འབུམ་དག་ཚར། | |
༦༽ | ༥ | ༡༠ | སྤེལ་ཟླའི་ཚེས་བཅུ། | ༡ |
༧༽ | ༦ | གང་རུང་ངམ་དྲུག་པའི་ཚེས་བཞི་དང་འབྲེལ། | རི་བོ་བསངས་མཆོད་འབུམ། | |
༨ | ༩ | ༢༠/༢༢ | ལྷ་བབས་དུས་ཆེན་དང་འབྲེལ་ཏེ་ཚོགས་འབུམ། | ༣ |
༩ | ནམ་རྒྱུན་གྱི་ཡར་ངོ་དང་མར་ངོའི་ཚེས་བཅུ། |
དྲི་བསྟུན་ཞུ་ས།
མཁན་རིན་པོ་ཆེ་འཇིགས་མེད་དབང་ཕྱུག །
མི་ཤི་བླམ་དཔལ་ལྡན། ཙཀྐླིང་།
ཨ་ཎེ་སློབ་དཔོན་སངས་རྒྱས་ཆོས་སྒྲོན།
སློབ་བསྟན་འཛིན་རྡོ་རྗེ།
ཨ་ཞང་ཀུན་བཟང་རྒྱལ་མཚན། གུང་ལོ་ ༨༠ ༼༢༠༢༡༽ མཐོ་གཞོང་དགོན་པ།
སློབ་དཔོན་རིན་ཆེན་དབང་མོ། 17577364
ཨ་ནེ་བསོད་ནམས་གཡུ་སྒྲོན། 17451865