༈ ལྕགས་ས་མཁར་གཡུས་ཚན་གྱི་རྒྱབ་ཁུངས་ལོ་རྒྱུས།
ལྕགས་ས་མཁར་ཨོ་རྒྱན་མདོ་སྔགས་ཆོས་གླིང་ཟེར་ཞུ་མི་འདི། མོང་སྒར་ཡ་དྷི་ལས་ཀི་ལོ་མི་ཊར་ ༡༢ ཀྱི་ས་ཁར་ཆགས་ཏེ་འདུག ། ལྕགས་ས་མཁར་ཟེར་བའི་གཡུས་ཀྱི་མིང་ཆགས་ཚུལ་ལུ་ སྐྱ་ས་མཁར་དང་ལྕགས་ས་མཁར་ཟེར་གཉིས་འདུག །དང་པོ་ “སྐྱ་ས་མཁར་” ཟེར་མི་འདི་ ལྷ་སྲས་གཙང་མའི་གདུང་བརྒྱུད་ལས་གདུང་སྲས་གཉིས་པ་གཅེས་བུ་མཐོང་ལེགས་བཙན་གྱི་སྲས་དང་པ་ཁྲི་བརྟན་དཔལ་ཟེར་མི་འདི་ལུ་ སྲས་བཞི་ཡོད་ས་ལས་སྲས་གཉིས་པ་རྒྱལ་གདུང་ཟེར་མི་གིས་ ཐུམ་ནང་མཁར་ཟེར་དགྲ་མེད་རྩེའི་མཇུག་ལུ་གདན་ས་བཅགས་བཞུགས་ནུག །ཁོ་ལུ་སྲས་བཞི་འཁྲུངས་ཡོདཔ་ལས་སྲས་ཚུ་ ཐུམ་ནང་མཁར་ལས་གཟིགས་པའི་སྐབས་ ད་ལྟོ་ལྕགས་ས་མཁར་གྱི་ས་ཆ་འདི་སྤང་དང་ནགས་ཀྱི་མཚམས་སུ་ཉམས་དགའ་ཏོག་ཏོ་ཅིག་སྦེ་གཟིགས་ཏེ་ ཁོང་སྲས་བཞི་ཐུམ་ནང་མཁར་ལས་གནས་སྤོ་སྟེ་ སྐྱ་ས་མཁར་བྱོན་ཞིན་ན་ བུམ་པ་ཟོར་ཟེར་ས་གདན་ས་བཅགས་པའི་ལོ་རྒྱུས་འདུག །དེ་བསྒང་སྐྱ་ས་མཁར་ཟེར་བྲིས་སྲོལ་ཡོད་མི་དེ་ཡང་དམིགས་བསལ་གྱི་རྒྱུ་མཚན་ག་ནི་ཡང་བཤད་ནི་མེད་རུང་རྒས་ཤོས་ཚུ་གིས་ གོང་གི་ལྷ་སྲས་གཙང་མའི་གདུང་བརྒྱུད་ཚུ་གིས་ ས་གནས་འདི་ནང་ ནོར་ལོངས་སྤྱོད་དང་ ལོ་ཐོག་སྣ་ཚོགས་དང་ སྨན་སྣ་དང་ཤིང་སྣ་ཚུ་ག་ཅི་དེ་ཕུན་སུམ་ཚོགས་ཏོག་ཏོ་བྱུངམ་ལས་བརྟེན་སྐྱ་ས་མཁར་ཟེར་སླབ་ཨིནམ་སྦེ་བཤད་ནི་འདུག །
གཉིས་པ་ “ལྕགས་ས་མཁར་” ཟེར་ཡོངས་སུ་གྲགས་མིང་ དེ་ཡང་ སྔོན་རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོ་ལུ་ སྤྱན་རས་གཟིགས་དང་དཔལ་རྟ་མགྲིན་ཟུང་འཇུག་གི་རྣམ་འཕྲུལ་གུ་རུ་པདྨ་མངལ་སྐྱེས་ཀྱི་ཚུལ་དུ་བྱོན་པ་ གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོ་རིན་པོ་ཆེ་མཆོག་ རྒྱ་བོད་ལྷོ་མོན་བཅས་པའི་ཆུ་བོ་ཆེན་པོ་ཚུ་ལུ་ལྕགས་ཟམ་ལྔ་བཅུ་ང་བརྒྱད། གྲུ་ཤན་བརྒྱ་དང་བཅོ་བརྒྱད་བཙུགས་པ་སོགས་བསམ་གྱིས་མི་ཁྱབ་པའི་འགྲོ་དོན་དཔག་ཏུ་མེད་པ་མཛད་པའི་དུས་ལུ་ ལྷོ་མོན་ཤར་ཕྱོགས་ལུ་ཡང་འགྲོ་དོན་དུས་ལུ་འབབ་པར་གཟིགས་ཏེ་ ཀུ་རི་ཆུ་དང་ གྲང་མའི་ཆུ་ཆེན་ཚུ་ལུ་ལྕགས་ཟམ་བཙུགས་ནིའི་དོན་ལུ་ མཁའ་གླིང་དང་ ལྕགས་ས་མཁར་ ད་རིས་ནངས་པར་ས་གནས་ཀྱི་མིང་ ཀོ་ཤོག་པ་ཟོར་ ཟེར་ས་ལས་ལྕགས་མང་རབས་ཅིག་བསྣམས་བྱོན་ཏེ་ ལྕགས་རོ་ལྕགས་ཞུན་འཚིག་རོ་ཚུ་ད་ལྟོའི་བར་ན་ཡང་མཐོང་ཚུགས་དོ་ཡོདཔ་ཨིན་མས། དེ་ལས་བརྟེན་ཏེ་གཡུས་ཀྱི་མིང་ཡང་ལྕགས་ས་མཁར་ཟེར་དར་ཁྱབ་འགྱོ་བའི་ལོ་རྒྱུས་བཤད་ནི་འདུག།
ད་རུང་བཤད་སྲོལ་གཞན་ཅིག་ལས་ སྔ་ཚང་དང་ཕྱི་ཚང་ཟེར་ཕྱེ་སྲོལ་ཡོད་པའི་ནང་ལས་ ཧེ་མ་ལྕགས་ས་མཁར་ལུ་ སྔ་ཚང་གི་རྒྱལ་པོ་ཀ་ལིང་ཀའི་ཕོ་བྲང་ལྕགས་ལས་སྒྲུབ་པ་ཐོག་དགུ་འབད་མི་ཅིག་ཡོདཔ་ལས་བརྟེན་ གཡུས་ཀྱི་མིང་ཡང་ལྕགས་ས་མཁར་ཟེར་དར་ཁྱབ་སོང་ནུག་ཟེར་བཤད་ནི་ཡོད་རུང་ཕོ་བྲང་གི་ཤུལ་ཚུ་ཡོད་པའི་ལོ་རྒྱུས་ག་ནི་ཡང་མིན་འདུག །
དེ་བཟུམ་སྦེ་ “བཀའ་དམ་” ཟེར་བའི་མིང་ཆགས་ཚུལ། ད་ལྟོ་བཤད་གྲྭ་ཡོད་སའི་ས་ཁོངས་འདི་ལུ་གཡུས་མི་ཚུ་གིས་བཀའ་དམ་ཟེར་སླབ་སྲོལ་ཡོད་མི་འདི་ཡང་། ཧེ་མ་ང་བཅས་རའི་རྒྱལ་ཁབ་ནང་བོན་ཆོས་ཀྱི་ཆོས་ལུགས་འཛིན་མི་ཁྱབ་ཆེ་དྲག་སྦེ་ཡོདཔ་ད་ ལྕགས་ས་མཁར་ལུ་ཡང་བོན་ཆོས་འཛིན་མི་ལེ་ཤ་ཡོདཔ་ལས་ བོད་ཁམས་ཨཱར་ཙ་ལས་ ཨཱར་ཙ་བླ་མ་[1]ཟེར་མི་ཅིག་བྱོན་ཏེ་ བོན་ཆོས་འབད་མི་ཆོག་ཟེར་ བཀའ་གནང་ཞིནམ་ལས་དམ་བཅའ་འབད་བཅུག་སྟེ་བཀའ་དམ་མཆོད་རྟེན་ཅིག་ཡང་བཞེངས་གནང་ཡོདཔ་དང་ དེའི་ཉེ་འདབ་ལུ་གྲུབ་ཆུ་ཅིག་ཡང་སྟོན་གནང་ནུག །
༈ བཤད་གྲྭ་ཆགས་ཚུལ་གྱི་སྐོར།
ད་ལྟོ་བཀའ་དམ་མཆོད་རྟེན་ཡོད་སའི་ས་ཁོངས་ནང་ ཧེ་མ་སྒོམ་སྡེ་ ཆུང་ཀུ་ཅིག་ཆགས་ཡོདཔ་ད། དེ་བསྒང་མཆོད་རྟེན་རྐྱངམ་ཅིག་མ་གཏོགས་ལྷ་ཁང་མེདཔ་ལས་ ཡར་ངོ་མར་ངོའི་ཚེས་བཅུ་ཚུ་གནང་པའི་སྐབས་ མཆོད་རྟེན་གྱི་སྦོ་ལོགས་ཁ་སྦེ་གནང་དོ་ཡོདཔ་ཨིན་རུང་། སྤྱི་ལོ་ ༡༨༠༠ དེ་ཅིག་ཁར་གཡུས་ཁའི་མི་ཚུ་ཉམས་རུབ་ཀྱི་ཐོག་ལས་ལྷ་ཁང་ཆུང་ཀུ་ཅིག་བཞེངས་ནུག །ཤུལ་ལས་ལྕགས་ས་མཁར་ལས་རང་ཨིན་མི་རྫོང་ཁ་སློབ་དཔོན་བགྲེས་པ་བླམ་ཕུན་ཚོགས་རྡོ་རྗེ་གིས་ སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ བྱེ་བྲག་རིག་འཛིན་པདྨ་གླིང་པའི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་དང་གཡུས་ཁའི་གྲོང་ཆོག་གི་དཀའ་ངལ་སེལ་ཐབས་ལུ་ཐུགས་བཞེད་གནང་སྟེ་ སྤྱི་ལོ་ ༡༩༩༣ ལས་ལྷ་ཁང་རྙིངམ་དེ་སྦེ་རང་བཞག་སྟེ་ལྟག་ལུ་གསར་བཞེངས་ཀྱི་དོན་ལུ་སྒྲུབ་ཆེན་ལོ་གསུམ་གནང་སྟེ། སྤྱི་ལོ་ ༡༩༩༥ ལས་ཕྱག་ལཱ་འགོ་བཙུགས་ཞིནམ་ལས་ སྤྱི་ལོ་ ༢༠༠༠ ལུ་ལྷ་ཁང་ཕྱི་ནང་ཡོངས་སུ་རྫོགསཔ་སྦེ་སྒྲུབ་གནང་ནུག །ནང་རྟེན་ཡང་མཁན་སློབ་ཆོས་གསུམ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས། དེ་བཟུམ་སྦེ་པད་གླིང་དང་རིག་འཛིན་འཇིགས་མེད་གླིང་པའི་སྐུ་འདྲ་ཚུ་བཞེངས་གནང་ནུག །དེ་གི་ཡང་མ་ཚད་ ཧེ་མ་ཡོད་མི་སྒོམ་སྡེའི་ཁ་སྐོང་སྦེ་གསརཔ་དག་པ་ཅིག་བཙུགས་ཏེ་ཡོད་རུང་ སྤྱི་ལོ་ ༡༩༩༦ ལུ་སྔ་ཚང་བཤད་གྲྭ་ནང་ ད་ལྟོ་རྗེ་མཁན་པོའི་ཁྲི་ཐོག་ལུ་བཞུགས་ཡོད་མི་སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་སྐུ་མདུན་ལུ་བཅར་བའི་སྐབས་ སྐྱབས་རྗེ་མཆོག་གིས་ ལུང་རྟོགས་ཀྱི་བསྟན་པ་ཡུན་རིངམོ་སྦེ་འཛིན་སྐྱོང་སྤེལ་གསུམ་གནང་ནིའི་དོན་ལུ་ སྒོམ་སྡེ་ལས་བཤད་གྲྭ་ཅིག་ལུ་འགྱུར་ཚུགས་པ་ཅིན་ཟེར་བཀའ་ཡི་གནང་བ་དང་འཁྲིལ་བཤད་གྲྭ་གསར་བཙུགས་གནང་ནུག །
ཨིན་རུང་དགེ་འདུན་པ་ཚུ་ལུ་འཚོ་བ་མཐུན་རྐྱེན་གྱི་དཀའ་ངལ་སྦོམ་ཡོདཔ་ལས་བརྟེན་དཀའ་ངལ་དེ་སེལ་ཐབས་དང་ལྷག་པར་དུ་གཡུས་ཚན་འདི་ནང་ཆ་མཉམ་པད་གླིང་གི་ཆོས་བརྒྱུད་འབད་མི་ཨིནམ་ལས་རིག་འཛིན་པདྨ་གླིང་པའི་བསྟན་པ་རྒྱུན་སྐྱོང་ནིའི་དོན་ལུ་ སྤྱི་ལོ་ ༢༠༠༠ གི་ལོ་མཇུག་ལས་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་ལུ་ཕུལ་ཏེ། སྤྱི་ལོ་ ༢༠༡༠ ཚུན་ བཤད་གྲྭའི་སློབ་དཔོན་གྱི་བདག་རྐྱེན་ཡང་བླམ་ཕུན་ཚོགས་རྡོ་རྗེ་དང་མཁན་པོ་ཀརྨ་གཉིས་ཀྱི་མཛད་ཡོདཔ་དང་། དེ་ལས་ཚུར་སྒང་སྟེང་མཐོ་སློབ་ཆེན་མོ་ལས་མཐར་ཁྱོལ་མི་མཁན་པོ་དང་སློབ་དཔོན་ཚུ་བྱོན་ཏེ་བཤད་གྲྭའི་ནང་གི་སློབ་སྦྱོང་ཙམ་གྱིས་མ་ཚད་པར་ཕྱིའི་ཕྱག་ལཱ་ཚུ་ཡང་འགོ་འདྲེན་ཐབས་སྟེ་ཧེ་མ་བ་ལྷགཔ་སྦེ་ཡར་རྒྱས་འགྱོ་དང་འགྱོ་བཞིན་དུ་འདུག །བཤད་གྲྭ་འདི་འབྲིང་རིམ་བཤད་གྲྭ་ལུ་རྒྱ་བསྐྱེད་མཛད་དེ་ད་ལྟོ་བཤད་གྲྭ་འདི་ནང་ལུ་མཁན་པོ་གཅིག་དང་། སློབ་དཔོན་གསུམ། དེ་བཟུམ་སྦེ་སློབ་ཕྲུག ༥༠ ལྷག་ཙམ་ཡོདཔ་དང་། ཁོང་ཚུ་འཛིན་གྲྭ་བཞི་པ་ཚུན་མཐར་འཁྱོལ་ཞིནམ་ལས་སྒང་སྟེང་མཐོ་རིམ་བཤད་གྲྭ་ནང་སློབ་སྦྱོང་འཕྲོ་འཐུད་ཀྱི་དོན་ལུ་འགྱོཝ་ཨིན་པས།
༈ བཤད་གྲྭའི་དབུ་འཛིན་རིམ་བྱོན།
༡༽ བླམ་ཕུན་ཚོགས་རྡོ་རྗེ། ༡༩༩༣-༢༠༠༨
༢༽ མཁན་སྤྲུལ་པདྨ་རྡོ་རྗེ། ༢༠༠༩-༢༠༡༤
༤༽ མཁན་པོ་དབང་ཕྱུག ། ༢༠༡༤-༢༠༡༦
༥༽ མཁན་པོ་སངས་རྒྱས་བསྟན་འཛིན། ༢༠༡༦-ད་ལྟོ་ཕྱག་འགན་བཞེས་བཞིན་ཡོད།
༈ བཤད་གྲྭའི་རྩ་གཞུང་།
ཨང་། | འཛིན་གྲྭ | སློབ་ཚན། |
༡༽ | གཞི་རིམ་དང་པོ། | |
༢༽ | དང་པོ། | རྩ་སློབ་སྤྱོད་འཇུག་དང་སྡོམ་གསུམ། ཡན་ལག་སློབ་ཚན་རྟགས་རིགས་དང་སུམ་ཅུ་པ། ཆོས་འབྱུང་། |
༣༽ | གཉིས་པ། | རྩ་སློབ་མཁས་འཇུག་དང་དབུ་མ་རྒྱན། ཡན་ལག་སློབ་ཚན་གྲུབ་བསྡུས་དང་རྟགས་འཇུག །ཆོས་འབྱུང་། |
༤༽ | གསུམ་པ། | རྩ་སློབ་དབུ་མ་འཇུག་པ་དང་རྩ་བ་ཤེས་རབ། ཡན་ལག་སློབ་ཚན་སྙན་ངག་དང་ཆོས་འབྱུང་། |
༥༽ | བཞི་པ། | རྩ་སློབ་མངོན་པར་མཛོད་དང་རྣམ་འགྲེལ་ལེའུ་དང་པོ། ཡན་སློབ་ཀེ་ཏ་ཀ་དང་སྙན་ངག |
༈ དུས་མཆོད་འབུམ་སྡེའི་སྐོར།
ཨང་། | ཟླ | ཚེས | འབུམ་སྡེ | ཉིན་གྲངས། |
༡༽ | ༡ | ༣ | རིག་འཛིན་པདྨ་གླིང་པའི་འདས་མཆོད། | ༡ |
༢༽ | ༣ | གང་རུང་ལ། | རྒྱལ་བའི་བཀའ་འགྱུར་དག་ཚར། | |
༣༽ | ༤ | ༡༥ | དུས་ཆེན་ལྔ་འཛོམས་ཀྱི་ཚོགས་འཁོར། | ༡ |
༤༽ | ༥ | ༡༠ | སྤྲེལ་ཟླའི་ཚེས་བཅུ། | ༡ |
༥༽ | ༦ | ༤ | ཆོས་འཁོར་དུས་ཆེན་གྱི་ཚོགས་འཁོར། | ༡ |
༦༽ | ༡༠ | ༢༧–༢༩ | བཀའ་བརྒྱད་ཀྱི་གཏོར་བཟློག ། | ༣ |
༧༽ | ༡༡ | ༡༡–༡༥ | ལོ་ལྟར་ཚེས་བཅུ་དང་མཐོང་གྲོལ་མཇལ་ཁ། | ༥ |
༨༽ | ནམ་རྒྱུན་གྱི་ཡར་ངོ་མར་ངོའི་ཚེས་བཅུ་དང་སྐབས་ཐོབ་ཀྱི་སྐུ་རིམ་སོགས་གནང་ནི་ཡོད། |
དྲི་བསྟུན་འབད་ས། ལྕགས་ས་མཁར་གྱི་མཁན་སློབ་ཚུ།
བླམ་ཕུན་ཚོགས་ཀྱིས་གསུངས་ཞིནམ་ལས་བྲི་ཏེ་ཡོད་པའི་ལྕགས་ས་མཁར་གྱི་ལོ་རྒྱུས།
ཚོགས་སློབ་བགྲེས་པ་བཀྲ་ཤིས་རྡོ་རྗེ།
སློབ་དཔོན་རུ་སྦྱིས་པ་སངས། 17277532
[1] ཨཱར་ཙ་བླ་མའི་མི་བརྒྱུད་ཚུ་ད་ལྟོ་གསེར་གཞོང་གི་བླམ་འཇམ་དབྱངས་རྡོ་རྗེ་ཚུ་ཨིནམ་ལས། ཁོ་གི་སྐཽར་ལས་ཞིབ་འཚོལ་འབད་དེ་ཀི་དེབ་བྲི་ནིའི་དོན་ལུ་ད་ལྟོ་བླ་མའི་མི་བརྒྱུད་ཚུ་གྲོས་བསྟུན་འབད་བའི་བསྒང་ཨིནམ་ལས་ལོ་རྒྱུས་ཞིབ་ཆ་སྦེ་ཐོབ་མ་ཚུགས།