ཕྱག་འཚལ་གླ་ཁ་གཡུས་ཀྱི་རྒྱབ་ཁུངས་ལོ་རྒྱུས།
གཞི་རིམ་བཤད་གྲྭའི་མཚན་ལུ་ “ཕྱག་འཚལ་གླ་མཁར་མཐོང་གྲོལ་བསམ་གྲུབ་ཆོས་གླིང་གཞི་རིམ་བཤད་གྲྭ” ཟེར་ཞུཝ་ཨིན། ལྷ་ཁང་འདི་ཆུ་ཁ་རྫོང་ཁག །སྦོང་སྒོ་རྒེད་འོག །དགེ་འདུ་ལས་ཐིམ་ཕུག་ཁ་ཐུག་ཀི་ལོ་མི་ཊར་ ༡༠ དེ་ཅིག་འགྱོ་སའི་གཞུང་ལམ་གྱི་ལྟག་ལུ་ཆགས་ཏེ་ཡོདཔ་ཨིན། ས་གནས་འདི་ནང་ཧེ་མ་ ཆ་སི་ཤིང་ ལེ་ཤ་ཡོད་པའི་ཁར་དགེ་འདུ་པའི་ནོར་གྱི་གླ་བཅགས་ཏེ་ཡོདཔ་ལས་ “ཆ་སི་གླ་མཁར” ཟེར་བཏགས་ཡོད་རུང་། ཤུལ་ལས་བཤད་གྲྭ་གཞི་བཙུགས་འབད་ཞིནམ་ལས་ ཕྱག་འཚལ་གླ་མཁར་ ཟེར་དག་ཆ་བསྒྱུར་བཅོས་འབད་ཡོདཔ་ད། བཤད་གྲྭའི་མཚན་ལུ་ མཐོང་གྲོལ་བསམ་གྲུབ་ཆོས་གླིང་ཟེར་ སྒང་སྟེང་རིན་པོ་ཆེ་མཆོག་གིས་གནང་ནུག །
ས་གནས་དེ་ནང་ཧེ་མ་ནགས་ཚལ་དང་སྤང་ཐང་སྦེ་ནོར་གྱི་གླ་མཁར་མ་གཏོགས་གཞིས་བཅགས་སྡོད་མི་ག་ཡང་མེད་རུང་།
སྐྱབས་ཁྱ་ལས་ཨིན་མི་བ་བུ་གནག་ཅུང་ཟེར་མི་འདི་འགོ་ཐོག་གཞིས་བཅགས་མི་ལས་རིམ་པ་བཞིན་དུ་གཞིས་ཆགས་པའི་ལོ་རྒྱུས་འདུག །ཆ་སི་གླ་མཁར་གཡུས་ཁར་ལུ་ལྷ་ཁང་མེད་པར་མེེ་མཚམས་པ་ཕུན་ཚོགས་ཀྱིས་འགོ་འདྲེན་ཐོག་ལུ་དགུང་པ་ ༧ དེ་ཅིག་གིས་སྦེ་བཞེངས་ནིའི་གྲོས་འཆམས་བྱུང་ཏེ་སྤྱི་ལོ་ ༡༩༦༩ དེ་ཅིག་ལས་ཆོས་ཉིད་རིན་པོ་ཆེ་ཟེར་ཞུ་མི་གིས་ས་བཅགས་གནང་སྦེ་ཕྱག་ལཱ་འགོ་བཙུགསཔ་ད། ལྷ་འདྲེའི་ཆོ་འཕྲུལ་བྱུང་སྟེ་མི་དང་ནོར་སེམས་ཅན་ལུ་གནམ་མེད་ས་མེད་འཚུབ་བཀལ་ཏེ་ན་ཚ་བྱུངམ་ལས། འབྲུག་རྒྱལ་གསུམ་པའི་འབོད་ཨིན་མི་བ་བུ་གནག་ཅུང་ཟེར་མི་གི་རྩ་བའི་བླམ་རྟོགས་ལྡན་དཀརཔོ་ཟེར་མི་འདི་ ཏ་ལ་ ལུ་བཞུགས་ཡོད་མི་དང་། དེ་བཟུམ་སྦེ་ལྕང་ཞུ་བླམ་ཚུ་གདན་འདྲེན་ཞུས་ཏེ་བསང་དང་གསེར་སྐྱེམས། འཕྲལ་འཕྲལ་རང་གཅོད་གནང་མི་ལས་རིམ་པ་བཞིན་དུ་ལྷ་འདྲེའི་གནོད་པ་ཚུ་ཞི་སོ་ནུག །
མེེ་མཚམས་པ་ཕུན་ཚོགས་འདི་ལོ་ ༡༨ ལུ་བོད་ལུ་བྱོན་ཏེ་མཚན་ལྡན་གྱི་བླམ་ལེ་ཤ་བསྟེན་ཏེ་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་ཅིག་ཨིན་རུང་འཇིག་རྟེན་དཀྱུས་མའི་ཚུལ་ལུ་བཞུགས་མི་ཅིག་ཨིནམ་ད། མེེ་མཚམས་པ་གི་ཆོས་གྲོགས་ཡང་གྲུབ་དབང་པད་ནོར་རིན་པོ་ཆེ་དང་། སྨྱོན་ཤུལ་མཁན་རིན་པོ་ཆེ། བསམ་གཏན་སྤྲུལ་སྐུ་ཚུ་ཨིནམ་སྦེ་གསུངས་ནི་ཡོད་པའི་ལོ་རྒྱུས་འདུག །ལྷ་ཁང་བཞེངས་མི་མི་གྲངས་ ༧ ལས་མེད་པའི་ཁར་ཕྱིའི་མཐུན་རྐྱེན་འཛོམས་མ་ཚུགསཔ་ལས། ས་བཅད་པའི་སྐབས་ལུ་ཡང་འཕྲལ་འཕྲལ་གླང་རྨོས། འཕྲལ་འཕྲལ་མི་གིས་སྦེ་བཅད་དེ་ལོ་ངོ་ ༩ དེ་ཅིག་གི་རིང་ལུ་རྒྱུ་དང་སྦུངས་གཉིས་ཆ་རའི་ཐོག་ལས་དཀའ་བ་ཁྱད་དུ་གསོད། ངལ་བ་དང་དང་དུ་ལེན་ཏེ་ལྷག་བསམ་རྣམ་དག་གི་ཐོག་ལས་སྦེ་བཞེངས་ཏེ་སྤྱི་ལོ་ ༡༩༧༩ ལུ་གྲུབ་ཡོདཔ་ཨིན་མས། ད་རེས་ནངས་པ་ཕྱག་འཚལ་གླ་མཁར་ལུ་ཁྱིམ་དགུང་པ་ ༡༨ དེ་ཅིག་འདུག །
༈ སྐུ་གསུང་ཐུགས་རྟེན་གྱི་སྐོར།
སྐུ་རྟེན་དང་ལྡེབས་རིས་ཚུ་ག་ར་ སྐྱིད་པ་རིན་པོ་ཆེ་ཟེར་ཞུ་མི་གི་ཞལ་བཀོད་ལྟར་དུ་མཚམས་པ་ཕུན་ཚོགས་ཀྱིས་གཙོས་པའི་ལྷ་ཁང་ཚོགས་པ་ཚུ་གིས་འགོ་འདྲེན་འཐབ་ཞིནམ་ལས་སྐུ་འདམ་ཚུ་གསར་སྤང་ལས་སྐྱེལ་འདྲེན་འབད། སྐུ་འདམ་ཡང་ཁོང་རང་གིས་བརྡུངས་ཏེ་བཞེངས་གནང་ནུག །དེ་ཡང་སྐུ་རྟེན་ཆོས་ལོངས་སྤྲུལ་གསུམ་ལས་ཆོས་སྐུ་འོད་དཔག་མེད་གཙོ་འཁོར་འདི་སྦྱིན་བདག་ཨོམ་སྟོང་དཔལ་འབྱོར་དང་། ལོངས་སྐུ་ཕྱག་སྟོང་སྤྱན་སྟོང་གཙོ་འཁོར་གསུམ་འདི་དྲག་ཤོས་ག་སེ་ལོགས་ལས་སྐྱིད་སྡུག་བློན་པོ་གི་ཨམ་རིན་ཆེན། སྤྲུལ་སྐུ་གུ་རུ་གསང་བ་གཟིལ་གནོན་གཙོ་འཁོར་གསུམ་པོ་འདི་མཚམས་པ་ཕུན་ཚོགས་ལུ་སྐྱིད་པ་རིན་པོ་ཆེ་ཟེར་མི་འདི་གི་ལུང་བསྟན་ལྟར་དུ་བཞེངས་ཡོདཔ་ད། གུ་རུ་འདི་འབྲུག་ལུ་དཀོན་དྲག་ཅིག་ཨིན་མས། དེ་བཟུམ་སྦེ་ཞབས་དྲུང་རིན་པོ་ཆེའི་སྐུ་དང་ལྷ་ཁང་འདིའི་ཆོས་སྲུང་ལུ་ཨམ་རྐང་གཅིག་མ་(སྔགས་སྲུང་ཨེ་ཀ་ཛ་ཊི་) མའི་སྐུ་འདྲ་འདི་ཨཔ་ཕུརཔ་ཚེ་རིང་དང་། ཚེ་ལྷ་རྣམ་གསུམ་འདི་ཨམ་དབྱངས་འཛོམས་དང་ཕུན་ཚོགས་ཀྱིས་སྦྱིན་བདག་འཐོན་ཏེ་བཞེངས་གནང་ཡོདཔ་ད། སྐུ་རྟེན་ཆ་མཉམ་གྱི་ནང་གཟུངས་ག་ར་བ་བུ་གནག་ཅུང་གི་ཨམ་གནག་ཚོམ་ཟེར་མི་གིས་ཕུལ་གནང་ནུག །དེ་ལས་གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་རིན་པོ་ཆེ་འདི་མེེ་མཚམས་པའི་ཕོ་རྒནམོ་རབ་འབྱམས་རྒྱས་ཅུང་ཟེར་མི་གིས་ཕུལ་ཡོདཔ་ཨིན་མས།
ད་རུང་ཕྱི་ལོ་ ༢༠༡༨ ལུ་སྒང་སྟེང་ལས་མཁན་པོ་རྟ་མགྲིན་རྡོ་རྗེ་དང་སློབ་དཔོན་བསོད་ནམས་ནོར་བུ་གཉིས་ཀྱིས་འགོ་འདྲེན་མཛད་དེ་དད་ཅན་གྱི་མི་སེར་ཚུ་ལས་ཞལ་འདེབས་བསྡུ་བླངས་འབད་ཐོག་རིག་འཛིན་པདྨ་གླིང་པའི་སྐུ་འདྲ་ཕིཊ་ཕྱེད་དང་ལྔ་ཅན་མ་ཅིག་རྒྱབ་འཁོར་བཞུགས་ཁྲི་དང་བཅས་པ་བཞེངས་གནང་ནུག །
ལྡེབས་རིས་ཡང་ཧེ་མ་ཡོད་མི་གུ་རུ་མཚན་བརྒྱད་དང་གུ་རུ་གཙོ་འཁོར་གསུམ། རྒྱན་དྲུག་མཆོག་གཉིས་དང་ཞབས་དྲུང་ཕུན་སུམ་ཚོགས་པ་ཚུ་བཞུགས་ཡོད་པའི་གུ །ད་རེས་པད་གླིང་ཀུན་བཟང་ཞི་ཁྲོ་དང་། འོད་དཔག་མེད་གཙོ་འཁོར་གསུམ། པད་གླིང་ཡབ་སྲས་གསུམ། སྔགས་སྲུང་མ་དང་། གཞི་བདག་གཙང་ལྷ་དཔལ་བཅས་གསརཔ་བཞེངས་ཡོད་མི་ཚུ་དུས་ཅི་གནམ་ལོ་ལྕགས་གླང་( ༢༠༢༡) ལོའི་ལྷ་འབབ་དུས་ཆེན་དང་འབྲེལ་ཏེ་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་ཡང་སྲིད་རིན་པོ་ཆེ་མཆོག་གིས་སྦེ་བཀྲ་ཤིས་རབ་གནས་རྒྱས་ཤིང་རྒྱསཔ་སྦེ་མཛད་དེ་འདུག །
༈ ལྷ་ཁང་འདི་རིན་པོ་ཆེ་ལུ་རྩིས་འབུལ་ཞུས་བ་དང་། གཞི་རིམ་བཤད་གྲྭ་གཞི་བཙུགས་ཀྱི་ལོ་རྒྱུས།
ལྷ་ཁང་འདི་གྲུབ་ཞིནམ་ལས་ལོ་ངོ་མང་རབས་ཅིག་ཁྱིམ་གུང་པ་རེ་ལས་ལོ་རེ་ལུ་དཀོན་གཉེར་བསྐོར་རྒྱབ་སྦེ་འབད་དེ་སྡོད་རུང་། བདག་འཛིན་འབད་མི་བླམ་ཆོསཔ་ཅིག་མེདཔ་ལས་ཕྱག་དང་མཆོད་པ་དུས་ཚོད་ཁར་ཕུལ་མ་ཚུགས། བདག་འཛིན་ལེགས་ཤོམ་འབད་མ་ཚུགས་པའི་ཁར། ད་རུང་སྦོང་སྒོ་རྒེད་འོག་ནང་འཁོད་ལུ་དགོན་སྡེ་ག་ཏེ་ཡང་མེདཔ་ལས་བླམ་ཆོས་པའི་དཀའ་ངལ་སྦོམ་སྦེ་རང་བྱུང་སྟེ་ཡོདཔ་ལས། མེེ་མཚམས་པ་དང་རྡོར་གླིང་བསྟན་བདག་མཁན་སྤྲུལ་རིན་པོ་ཆེ་སངས་རྒྱས་འོད་ཟེར་གྱིས་གཙོས་ཕྱག་འཚལ་གླ་མཁར་གྱི་མི་སེར་ཚུ་གྲོས་བསྟུན་ཐོག་ལས། ས་གནས་འདི་ནང་ལུ་གྲྭ་ཚང་ཅིག་གཞི་བཙུགས་འབད་ཚུགས་པ་ཅིན་གཡུས་སྒོ་འདི་གིས་གཙོས་པའི་མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ལུ་ཕན་ཐོགས་ནི་ཨིན་མས་ཟེར་གྲོས་འཆམས་བྱུང་སྟེ་སྤྱི་ལོ་ ༡༩༩༨ ལུ་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་ལུ་རྩིས་ཕུལ་ཞུ་ནུག །དེ་ལས་རིན་པོ་ཆེའི་ཞལ་ལས་ཡང་། སྒང་སྟེང་དགོན་པའི་དགེ་སློང་ཚུ་དགུན་ས་ཅིག་མེདཔ་ལས་ཕྱག་འཚལ་གླ་མཁར་ལུ་འོང་ཚུགས་པ་ཅིན་ལེགས་ཤོམ་འདུག་ཟེར་ཞལ་བཞེས་མཛད་ནུག །
དེ་ལས་སྤྱི་ལོ་ ༢༠༠༠ ལས་འགོ་བཟུང་སྟེ་ཕྱག་འཚལ་གླ་མཁར་མཐོང་གྲོལ་བསམ་གྲུབ་ཆོས་གླིང་གཞི་རིམ་བཤད་གྲྭ་གཞི་འཛུགས་འབད་དེ་འགོ་ཐོག་སློབ་གཉེར་བ་གྲངས་ ༤༨ དེ་ཅིག་འཐོན་ནུག །སློབ་ཕྲུག་ཚུ་གིས་གཞི་རིམ་ལོ་ངོ་ ༥ འི་རིང་ལུ་ཀ་ཁ་ལས་འགོ་བཟུང་སྦྱོར་ཀློག་དང་ཚིག་བསྡུས། དྲོ་པ་དང་ཕྱི་རུའི་ཐུན། སྨོན་ལམ་དང་གསོལ་འདེབས་ཡོངས་རྫོགས་བློ་ལུ་བཟུང་དགོ་དོ་ཡོདཔ་ད། དེ་དང་གཅིག་ཁར་བརྡ་ཡིག་ངག་སྒྲོན། ལེགས་བཤད་ལྗོན་དབང་། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་། དེ་ལས་ནང་དོན་རིག་པའི་གཞུང་ཀཱ་རི་ཀ །རྒྱལ་སྲས་ལག་ལེན། བཤེས་སྤྲིངས། བསྡུས་གྲྭ་ཚུ་སྦྱང་དགོ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་དཀྱིལ་ཆོག་གི་རིམ་པ་ཡང་གཏོར་བཟོ་དང་དཀར་རྒྱན། རྡུང་དང་རྒྱ་གླིང་འཕུ་ནི་ལ་སོགས་པའི་ཆོ་ག་ཕྱག་ལེན་ཚུ་ཡང་སྦྱངས་ཏེ་གཞི་རིམ་ལོ་ལྔ་རྫོགས་ཞིནམ་ལས་ སྒང་སྟེང་མཐོ་རིམ་བཤད་གྲྭ་་འཛིན་གྲྭ་དང་པོའི་ནང་འཛུལ་དོ་ཡོདཔ་ཨིན། དེ་སྦེ་ལོ་ངོ་ ༢༢ དེ་ཅིག་འགྱོ་བའི་ཤུལ་ལུ་དུས་ཚོད་ཀྱི་འགྱུར་བ་ལུ་བརྟེན་དགེ་སློང་ནང་འཛུལ་མི་ཡང་ཉུང་སུ་འགྱོ་དོ་ཡོདཔ་ལས་ དུས་ཅི་ ༢༠༢༡ ལུ་སློབ་དཔོན་གཉིས་དང་སློབ་ཕྲུག་ ༡༥ དེ་ཅིག་འདུག །
༈ མ་འོངས་པའི་ལས་འཆར།
གཞི་རིམ་བཤད་གྲྭ་གཞི་བཙུགས་འབད་ཞིནམ་ལས་རིན་པོ་ཆེའི་ཞབས་ལས་ གྲྭ་ཤག་ཐོག་གཉིས་ཅན་མ་ཅིག་བཟོ་གནང་ཡོད་མི་འདི་ཉམས་ཆག་སྦོམ་སྦེ་རང་ཤོར་ཡོདཔ་ལས། ད་ལྟོ་བཞུགས་མི་སློབ་དཔོན་རྣམ་གཉིས་ཀྱིས་གྲྭ་ཤག་འདི་རྩ་བ་ལས་ཉམས་གསོ་དང་གསར་བསྐྲུན་འབད་ནིའི་དོན་ལུ་འཆར་གཞི་ཚུ་བརྩམས་ཚར་རུང་ ནད་གཞིའི་དཀའ་ངལ་ལུ་བརྟེན་ཏེ་ལཱ་ཚུ་འགོ་བཙུགས་མ་ཚུགས་པས། ལས་འགུལ་འདི་ནང་མཁན་པོ་དང་སློབ་དཔོན་བཞི་དེ་ཅིག་གི་གཟིམ་ཅུང་དང་། སློབ་ཕྲུག་ ༣༥ དེ་ཅིག་གི་གྲྭ་ཤག །དེ་ལས་དམངས་ཀྱི་ཐབ་ཚང་དང་ཆབ་གསང་ཚུ་ཚུདཔ་ཨིན་མས།
༈ དུས་མཆོད་འབུམ་སྡེའི་སྐོར།
༡༽ རང་ཟླ་དང་པོའི་ཚེས་ ༣ ལུ་པད་གླིང་འདས་མཆོད་དང་ཚེས་ ༡༤ ལས་ ༡༦ ཚུན་སྨྱུང་གནས་ཆ་གཅིག །
༢༽ རང་ཟླ་ ༢ པའི་ནང་ལུ་ རྒྱལ་བའི་བཀའ་འགྱུར་ཞལ་ཕྱེ་ནི།
༣༽ རང་ཟླ་གསུམ་པའི་ཚེས་ ༡༠ ལུ་ཞབས་དྲུང་སྐུ་མཆོད།
༤༽ རང་ཟླ་བཞི་པའི་ཚེས་ ༡༥ ལུ་དུས་ཆེན་ལྔ་འཛོམས། བཞི་པའི་ཚེས་ ༢༩ ལུ་མི་ཕམ་འདས་མཆོད།
༥༽ རང་ཟླ་ལྔ་པའི་ཚེས་ ༡༠ ལུ་སྤྲེལ་ཟླ་ཚེས་བཅུ།
༦༽ རང་ཟླ་དྲུག་པའི་ཚེས་ ༤ ལུ་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན།
༧༽ རང་ཟླ་བདུན་པའི་ ཚེས་ ༡༠ ལུ་གསོལ་འདེབས་ལེའུ་བདུན་མའི་ཚེས་བཅུ།
༨༽ རང་ཟླ་དགུ་པའི་ཚེས་ ༢༢ ལུ་ལྷ་བབས་དུས་ཆེན།
གཞན་ཡང་ཟླ་རིམ་བཞིན་དུ་ཚེས་ ༡༤ དང་ ༢༩ ལུ་མགོན་པོའི་ཚོགས་མཆོད་ཚུ་ཕུལ་དོ་ཡོདཔ་ལས་རྒྱལ་ཁབ་དང་མི་སེར་གྱི་དོན་ལུ་ཕན་ཐོགས་སྦོམ་སྦེ་རང་བྱུང་དོ་ཡོདཔ་མ་ཚད། གཤིན་དོན་དགེ་རྩ་དང་གསོན་པའི་རིམ་གྲོ་སོགས་ལུ་ཡང་ཕན་ཐོགས་སྦོམ་སྦེ་རང་བྱུང་སྟེ་ཡོདཔ་ཨིན།
ངག་འདྲི་ཞུ་ས།
ཨཔ་ཕུརཔ་ཚེ་རིང་། ཨཔ་མཁའ་འགྲོ།
དགོན་པར་བཞུགས་མི།
སློབ་དཔོན་སེངྒེ། འགྲུལ་འཕྲིན་ཨང་། ༡༧༥༧༡༠༩༨