༈ གཏིང་སྟིས་སྦིས་སའི་ཆགས་ཚུལ་དང་སྤོ་ལོ་མཁན་པོ་ཕེབས་ཏེ་ལུང་བསྟན་གནང་བ།
གཞལམ་སྒང་རྫོང་ཁག་ཀྲོང་རྒེད་འོག་གི་འོག་ལུ་ཆགས་ཏེ་ཡོད་པའི་གཏིང་སྟིས་སྦིས་ཟངས་མདོག་དཔལ་རི་ལྷ་ཁང་འདི་གཞལམ་སྒང་རྫོང་ནང་འགྱོ་སའི་གཞུང་ལམ་དབང་འདུས་སྒང་ལས་ཀི་ལོ་མི་ཊར་ ༩ གི་ས་ཁར་ཡོདཔ་ལས་སྣུམ་འཁོར་ནང་དུས་ཡུན་ཆུ་ཚོད་ཕྱེད་ལྷགཔ་ཅིག་འགྱོཝ་ད་ཟངས་མདོག་དཔལ་རི་ཡོད་སའི་ས་ཁོངས་ནང་ལྷོདཔ་ཨིན། ལྷ་ཁང་འདི་གཏིང་སྟིས་སྦིས་ཁྲོམ་གྱི་སྦུག་ལུ་ས་སྤོག་ཏོ་ཆུང་ཀུ་ཅིག་གུ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་བཞེངས་ཏེ་འདུག །ས་གོ་འདི་ཁེངས་རིགས་རྣམ་གསུམ་གྱི་ལྟེ་བ་ལུ་ཕོག་དོ་ཡོདཔ་ལས་མཐའ་སྐོར་ཏེ་རི་དང་ནགས་ཚལ་གྱིས་གངས་ཏེ་ཡོད་པའི་གཞོང་པའི་དབྱིབས་ཅན་ནང་ལུ་ས་ཁྱོན་རྒྱ་ཆེ་ཏོག་ཏོ་ཅིག་ནང་ལུ་ཆགས་ཏེ་ཡོད།
རང་ལུགས་གནམ་ལོ་མེ་རྟ་སྤྱི་ལོ་༡༩༦༦ ལུ་རྗོགས་པ་ཆེན་པོའི་རྣལ་འབྱོར་པ་སྤོ་ལོ་མཁན་ཆེན་ཀུན་དགའ་རྒྱལ་མཚན་(1896_1970) དགེ་ལེགས་ཕུག་ལས་བུམ་ཐང་ལུ་བྱོན་པའི་ལམ་ཁར་ཀྲོང་གི་མི་སེར་ཚུ་གིས་གཞལམ་སྒང་ལུ་གདན་འདྲེན་ཞུས་ཏེ་ཆོས་འབྲེལ་མཛད་གནང་བ་དང་། གཞལམ་སྒང་ལས་ཁེངས་རྟ་ལི་བུ་ལི་ལུ་ཕེབས་ཏེ་བུ་ལི་མཚོ་ནང་ཁྲུས་གསོལ་ཕུལ་བར་བྱོན་པའི་ལམ་ཁར་ད་ལྟོ་ཟངས་མདོག་དཔལ་རི་ཡོད་སའི་སྦོ་ལོག་ཁར་སྦྱིན་བདག་ཨམ་དབྱངས་འཛོམས་ཟེར་མི་གིས་ཁྱིམ་ནང་གདན་འདྲེན་ཞུས་ཏེ་ གསོལ་ཇ་དང་ཆབ་ཆུ་ལས་འགོ་བཙུགས་གསོལཝ་ཚོགས་ཚུ་རྒྱས་ཤིང་རྒྱསཔ་སྦེ་དྲངས་ཏེ་ཞབས་ཏོག་ལེགས་ཤོམ་སྦེ་ཕུལ་ནུག། རིན་པོ་ཆེ་ཆབ་ཆུ་བཞེས་པའི་འཕྲོ་ཁར་ཁྱིམ་གྱི་སྒོ་སྒྲིག་ཁ་ལས་མར་གཟིགས་ཏེ། དེ་བསྒང་རིན་པོ་ཆེའི་ཕྱག་ཞུས་ཏེ་ཡོད་མི་དགེ་བཤེས་པདྨ་འཕྲིན་ལས་ལུ་འབྲུ་ཅིག་འབག་ཤོག་ཟེར་གསུངས་ཏེ་ཆུམ་ཕུད་ཏ་གང་སྐུ་མདུན་གྱི་ཅོག་རྩེ་གུ་བཀལཝ་ཅིག་ཞལ་སྔགས་བཏབ་སྟེ་ཕྱག་འབྲུ་ད་ལྟོ་ལྷ་ཁང་ཡོད་ས་ཁ་ཐུག་ལུ་གཏོར་གནང་ནུག། དེ་ལས་རིན་པོ་ཆེ་གསོལཝ་བཞེས་ཚར་ཞིནམ་ལས་ཨམ་དབྱངས་འཛོམས་ལུ་ ས་གོ་འདི་ས་གྲུ་གསུམ་གནམ་གྲུ་གསུམ་དང་ཆུ་གསུམ་འཛོམས་ས་ཕོགཔ་ལས་ཁྱོད་ཀྱིས་ས་གནས་དེ་ཁར་མཆོད་རྟེན་འབད་རུང་ཡང་ཅིན་ལྷ་ཁང་ཅིག་བཞེངས་ཚུགས་པ་ཅིན་ལེགས་ཤོམ་འོང་ནི་མས། ཁྱོད་ཀྱིས་འབད་ཚུགས་ག་ཟེར་གསུངསམ་ད། ཨམ་གྱི་བཞེངས་ཚུགས་ཟེར་ཁས་ལེན་འབད་དེ་རིན་པོ་ཆེ་གནམ་མེད་ས་མེད་ཐུགས་དགྱེས་ཏེ་ཁྱོད་དྲག་ཟེར་ཕྱག་གི་མཐེ་བོང་མོའི་དཔྱལ་བར་བཀལ་གནང་ནུག། དེའི་སྐབས་ལུ་རིན་པོ་ཆེའི་ཞལ་ལས་ དེ་ནང་ལུ་དུང་འཁོར་ལྷ་ཁང་ཅིག་བཞེངས་དགོཔ་སྦེ་ལུང་བསྟན་གནང་ནུག། རིན་པོ་ཆེ་ལོག་བྱོན་པའི་སྐབས་སྦྱིན་བདག་ཨམ་དེ་གིས་ས་བླངས་རྟེན་འབྲེལ་ཡང་རིན་པོ་ཆེ་གིས་རང་མཛད་གནང་དགོ་ཟེར་ཞུཝ་ད། རིན་པོ་ཆེ་གིས་ཆབ་གསང་བསྡུསཔ་ཅིག་གནང་ཞིནམ་ལས་ས་བླངས་དང་མཇུག་གི་རབ་གནས་ཡང་དེ་གིས་མཐུས་ཟེར་གསུངས་གནང་ནུག། དེ་ལས་ཨམ་དབྱངས་འཛོམས་ཀྱིས་རིན་པོ་ཆེའི་བཀའ་སྤྱི་གཙུག་ཏུ་བཀུར་ཏེ་ལོ་ཤུལ་མ་ སྤྱི་ལོ་༡༩༦༧ ལུ་ཕུར་པའི་དུང་འཁོར་ལྷ་ཁང་ཆུང་ཀུ་ཅིག་བཞེངས་ཏེ་ལོ་ངོ ༡༣ ལྷགཔ་ཅིག་ཁོང་ར་གིས་ར་བདག་འཛིན་འཐབ་སྟེ་ཕྱག་མཆོད་ཚུ་མ་རྒྱུན་མ་ཆད་པར་ཕུལ་སྡོད་ནུག།
༈ ལྷ་ཁང་ ༸སྒང་སྟེང་རིན་པོ་ཆེ་ལུ་ཕུལ་བ།
སྤྱི་ལོ་༡༩༩༧ ལུ་ཁེངས་སྟག་མ་དང་གཏིང་སྟི་སྦིས་ཀྱི་སྦྱིན་བདག་ཚུ་གིས་སྦྱིན་བདག་འབད་དེ་༧སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་པད་གླིང་ཆོས་འཁོར་བསྐོར་གནང་དགོ་པའི་གསོལ་འདེབས་ཞུཝ་བཞིན་དུ་ཞལ་བཞེས་གནང་སྟེ་ད་རེས་ཟངས་མདོག་དཔལ་རི་ལྷ་ཁང་གི་ལྟག་ཀྲོང་རྒེད་འོག་གི་ཡིག་ཚང་ཆགས་ཡོད་ས་ལུ་ཟླ་ངོ་གཅིག་གི་རིང་ལུ་རིག་འཛིན་ཆེན་པོའི་དབང་ཁྲིད་ཐབ་མོ་ཚུ་གནང་ཡོདཔ་ཨིན་མས། དེ་བསྒང་རིན་པོ་ཆེའི་ཐུགས་དགོངས་ལུ་བཀའ་ཁྲིད་གནང་སའི་ས་གོ་འདི་སའི་དབྱིབས་ཡང་ལེགས་ཤོམ་ཡོད་པའི་ཁར་སྒོ་ཡངས་ཏོག་ཏོ་སྦེ་ཡོདཔ་ལས་མ་འོངས་པར་དགོན་པ་ཅིག་ཆགས་ཚུགས་པ་ཅིན་རྟེན་འབྲེལ་ལེགས་ཤོམ་འོང་ནི་ཨིན་མས་ཟེར་ཐུགས་བཞེད་གནང་རུང་སའི་སྟབས་བདེ་མིན་ལས་བརྟེན་ཐུགས་དགོངས་བསྒྲུབས་མ་ཚུགས་པས། ཨིན་རུང་དེའི་སྐབས་ལུ་སྦྱིན་བདག་ཨམ་དབྱངས་འཛོམས་ཀྱིས་ཆོས་ཞུ་བའི་ཡོན་བཟུམ་ཅིག་སྦེ་ཁོང་གི་ལྷ་ཁང་འདི་རིན་པོ་ཆེ་ལུ་ཕུལ་ཏེ་བསྟན་པ་སྤྱི་དང་ལྷག་པར་དུ་ཁེངས་སྟག་མ་དང་གཏིང་སྟི་སྦིས་ དེ་ལས་བེར་ཏི་གི་མི་སེར་ཚུ་གི་དོན་ལུ་དགེ་འདུན་གྱི་སྡེ་ཅིག་བཙུགས་གནང་ཚུགས་པ་ཅིན་བཀྲིན་ཆེ་ནི་མས་ཟེར་གསོལཝ་བཏབ་བཞིན་དུ་རིན་པོ་ཆེ་གིས་ཡང་ལྷ་ཁང་འདི་རྩིས་བཞེས་གནང་ནུག།
༈ དགེ་འདུན་གྱི་སྡེ་གསར་བཙུགས་གནང་བ།
སྤྱི་ལོ་ ༡༩༩༩ ལུ་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་གིས་ བསྟན་པ་སྤྱི་དང་ལྷག་པར་ ཁོང་ར་མི་སེར་གྱི་རེ་འདུན་བཞིན་ལྷ་ཁང་ནང་ན་ཡོད་པའི་དུང་འཁོར་འདི་ཕྱི་ཁར་བཏོན་ཞིནམ་ལས་ལྷ་ཁང་གོ་ཡངས་འཕྲོས་འཕྲོས་བཟོ་བ་གིས་མ་ཚད་བླ་སློབ་བཞུགས་སའི་གྲྭ་ཤག་གསརཔ་ཅིག་ཡང་རྐྱབ་གནང་སྟེ་འགོ་དང་པ་ར་སྒོམ་ཆེན་གྱི་སྡེ་སྦེ་བཙུགས་ཞིནམ་ལས་སློབ་དཔོན་ཡང་ཧེ་མ་ལྷ་ཁང་གི་དཀོན་གཉེར་སྦེ་བཞུགས་མི་སློབ་དཔོན་མཁའ་འགྲོ་གིས་འགན་ཁུར་འབག་སྟེ་ཕྱག་ཞུ་ནུག།
སྤྱི་ལོ་༢༠༠༤ ལུ་རིན་པོ་ཆེའི་དགོངས་བཞེད་ལྟར་སྒང་སྟེང་བཤད་གྲྭ་ནང་ལས་སློབ་དཔོན་ཅིག་བསྐོ་བཞག་གནང་། སྒོམ་སྡེ་འདི་དགེ་འདུན་གྱི་སྡེ་སྦེ་བཟོ་ཞིནམ་ལས་གཞི་རིམ་སློབ་གྲྭ་སྦེ་བཙུགས་ཏེ་དགེ་འདུན་ཡང་གྲངས་ ༡༥ དེ་ཅིག་བཙུགས་གནང་སྟེ་ད་ལྟོའི་བར་ན་སྒང་སྟེང་མཐོ་སློབ་ཆེན་མོའི་གཞི་རིམ་ཡན་ལག་སློབ་གྲྭ་སྦེ་ར་རྒྱུན་སྐྱོང་འཐབ་སྟེ་འདུག།
༈ ཟངས་མདོག་དཔལ་རི་བཞེངས་གནང་བ།
སྤྱི་ལོ་ ༢༠༡༠ དེ་ཅིག་ལས་ལྷ་ཁང་འདི་ཉམས་ཆགས་སྦོམ་སྦེ་ར་ཤོར་ཏེ་སྡོད་པའི་བར་ན་ཁེངས་སྟག་མ་ལས་ཨིན་མི་སྦྱིན་བདག་བསོད་ནམས་ཕུན་ཚོགས་ཟེར་མི་འདི་བསྟན་པའི་ཞབས་ཏོག་ལུ་དམིགས་ཏེ། ཁེངས་སྟག་མ་ཕར་ཚུར་ཅིག་ཁར་ལྷ་ཁང་དང་མཆོད་རྟེན་གང་རུང་ཅིག་བཞེངས་ནི་གི་རེ་འདོད་ཡོད་པའི་ལོ་རྒྱུས་ཡོད་མི་འདི་ དེའི་སྐབས་གཏིང་སྟི་སྦིས་གཞི་རིམ་སློབ་གྲྭའི་སློབ་དཔོན་ཚེ་རིང་དབང་འདུས་ཀྱིས་གོ་སྟེ་ཁོ་དང་འབྲེལ་བ་འཐབ་ཞིནམ་ལས་ལྷ་ཁང་རྐྱབ་པ་ཅིན་ང་བཅས་ཀྱི་ནཱ་ལུ་རྐྱབ་གནང་དང་ཟེར་རེ་བསྐུལ་འབདཝ་བཞིན་དུ་ཁོ་གིས་ཡང་བཏུབ་ཟེར་ཁག་བཟེད་ཡོདཔ་ཨིན་མས། དེ་ལས་ཁོང་གཉིས་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེའི་ཞབས་སར་བཅར་ཏེ་ལོ་རྒྱུས་འདི་ཞུ་བའི་སྐབས་རིན་པོ་ཆེ་གིས་ཡང་ཐུགས་དགྱེས་པའི་ཚོར་བ་དང་བཅསཔ་སྦེ་ དེ་འབད་བ་ཅིན་ཁེངས་རིགས་རྣམ་གསུམ་ལུ་ཟངས་མདོག་དཔལ་རི་ཅིག་མེདཔ་ལས་འདི་བཞེངས་ཟེར་བཀའ་གནང་སྟེ་ཁོ་གིས་ཁས་ལེན་འབད་ཡོདཔ་ཨིན་མས། སྤྱི་ལོ་༢༠༡༤ ལས་སློབ་དཔོན་ཚེ་རིང་དབང་འདུས་ཀྱི་ལཱ་གི་འགོ་འདྲེན་གཙོ་བོ་འབད་དེ་ཟངས་མདོག་དཔལ་རི་བཞེངས་ནི་འགོ་བཙུགས་ནུག། ལོ་ངོ་བཞི་ལྷགཔ་ཅིག་གི་རིང་ལུ་ལྷ་ཁང་གི་ཕྱི་ནང་རྟེན་དང་བརྟེན་པར་བཅས་ཡོངས་སུ་རྫོགསཔ་སྦེ་བསྒྲུབས་ཏེ་སྤྱི་ལོ་༢༠༡༧ ལོ་ལུ་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་གིས་དབུ་བཞུགས་མཛད་ཐོག་དགེ་འདུན་ཞལ་གྲངས་ ༣༠ དེ་ཅིག་གིས་བཀྲ་ཤིས་རབ་གནས་རྒྱས་ཤིང་རྒྱསཔ་སྦེ་གནང་སྟེ་མཐའ་གྲུབ་མཛད།
༈ ལྷ་ཁང་གི་ནང་རྟེན།
ཟངས་མདོག་དཔལ་རི་ལྷ་ཁང་འདི། སྐུ་གསུམ་མཚོད་བྱེད་ལུ་ཐོག་གསུམ་སྦེ་ཡོད་མི་ནང་ལས་སྟེང་ཐོག་དང་པོའི་ནང་ལུ་རྒྱུ་སྨན་འདམ་ལས་སྒྲུབ་པའི་ཆོས་སྐུ་འོད་དཔག་མེད་ཀྱི་སྐུ་འདྲ་དང་གཡས་གཡོན་ལུ་ཞབས་དྲུང་དང་ལྷ་ཁང་གི་འགོ་ཐོག་ལུང་བསྟན་གནང་མི་རྫོགས་ཆེན་སྤོ་ལོ་མཁན་པོའི་སྐུ་འདྲ་ཚུ་བཞུགས་ཏེ་འདུག། བར་ཐོག་གཉིས་པའི་ནང་ལུ་པད་གླིང་གཏེར་བྱོན་ལོངས་སྐུ་ཐུགས་རྗེ་ཆེན་པོ་མུན་གསལ་སྒྲོན་མེ་གཙོ་འཁོར་གསུམ་དང་གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་ཚང་། འོག་ཐོག་ལུ་པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་དཀྱིལ་འཁོར་སྤྲུལ་སྐུ་བླ་མ་པདྨ་འབྱུང་གནས་དང་ཡི་དམ་རྟ་འགྲིན་ཡབ་ཡུམ་ གསུམ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་པདྨ་གླིང་པ། རྡོ་རྗེ་གྲོ་ལོད་ཀྱི་སྐུ་འདྲ་དང་གཞན་ཡང་སྡེབ་རིས་ཚུ་གསར་བཞེངས་གནང་སྟེ་འདུག།
༈ གཞི་རིམ་སློབ་གྲྭའི་ཤེས་ཡོན།
གཏིང་སྟིས་སྦིས་ཟངས་མདོག་དཔལ་རི་གཞི་རིམ་སློབ་གྲྭ་ནང་ལུ་ད་ལྟོ་དབུ་འཛིན་མཁན་པོ་གཅིག་དང་སློབ་དཔོན་གཉིས་སློབ་སྦྱོང་འབད་མི་དགེ་སློང་༡༢ འདུག །སློབ་སྦྱོང་ཡང་ཆོ་ག་ཕྱག་ལེན་གྱི་སྐོར་དང་ཡིག་བཟོ་དང་གཏོར་བཟོ་ལས་འགོ་བཙུགས་གཞི་རིམ་གྱི་ཆོས་ཚན་རྒྱལ་སྲས་ལག་ལེན་དང་བཤེས་སྤྲིངས། དག་ཡིག་ངག་སྒྲོན་དང་བརྡ་སྤྲོད་ཀྱི་གཞུང་ལེགས་བཤད་ལྗོན་དབང་ཚུ་སློབ་སྦྱང་འབད་དོ་ཡོདཔ་ཨིན་མས། དེ་ལས་གཞན་ཨིང་སྐད་དང་ཚན་རིག་ཡང་སློབ་སྟོན་འབད་དེ་འདུག།
༈ ལོ་ལྟར་གྱི་དུས་མཆོད་འབུམ་སྡེ།
འཛམ་བུ་གླིང་སྤྱི་དང་ལྷག་པར་དུ་འབྲུག་རྒྱལ་ཁབ་ཀྱི་རྒྱལ་བློན་འབངས་གསུམ་ཡོངས་སུ་རྫོགས་པ་ལུ་ཞི་བདེ་འབྱུང་ཐབས་ལུ་ལོ་ལྟར་གྱི་དུས་མཆོད་འབུམ་སྡེ་ཚུ་ཡང་རྒྱུན་མ་ཆད་པར་གཏང་སྟེ་འདུག། དེ་ཡང་ཟླ་དང་པའི་ཚེས་གསུམ་ལུ་པད་གླིང་སྐུ་མཆོད་ལས་འགོ་བཙུགས་ཏེ་ཆོ་འཕྲུལ་ཟླ་བའི་དུས་ཆེན་ནང་དུས་ཚོད་ཀྱི་སྟབས་བདེ་དང་བསྟུན་ཚོགས་འབུམ་ཉིན་གྲངས་གསུམ་གནང་ནིའི་སྲོལ་འདུག། ཟླ་གསུམ་པའི་ཚེས་༡༠ ལུ་ཞབས་དྲུང་སྐུ་མཆོད་དང་ཟླ་བཞི་པའི་ཚེས་༡༥ སངས་རྒྱས་ཀྱི་དུས་ཆེན་ལྔ་འཛོམས་དང་བསྟུན་ཚོགས་འཁོར་ཉིནམ་གཅིག། ཟླ་ལྔ་པའི་ཚེས་༡༠ གུ་རུ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལུ་གུ་རུའི་ཚོགས་འཁོར་ཉིནམ་གཅིག། ཟླ་དྲུག་པའི་ཚེས་༤་ལུ་ཚོགས་འཁོར་ཉིནམ་གཅིག། ཟླ་དགུ་པའི་ཚེས་༢༢ ལུ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ལུ་ཚོགས་འཁོར་ཉིནམ་གཅིག། དེ་ལས་གཞན་ཡང་ཟླ་རིམ་བཞིན་དུ་ཡང་ངོ་མར་ངོའི་སྐབས་ལུ་ཚོགས་འཁོར་ཚུ་མ་ཆད་པར་ཕུལ་དོ་ཡོདཔ་ཨིན་མས།
༈ མ་འོངས་པའི་ལས་འཆར་དང་དཀའ་ངལ།
དགོན་པ་འདི་གཏིང་སྟིས་སྦིས་ཁྲོམ་གྱི་སྦུག་ལུ་དང་གཞུང་ལམ་གྱི་ལྟག་ལུ་ར་ཆགས་ཏེ་ཡོདཔ་ལས་ལྷ་ཁང་གི་མཐའ་སྐོར་ལུ་ས་ཞིང་དྲིས་མལ་༣༩ མ་གཏོགས་མེད་པའི་རྐྱེན་ལས་བརྟེན་ལྷ་ཁང་མཐའ་སྐོར་ཏེ་དགེ་འདུན་པ་བཞུགས་ས་རྒྱ་སྐྱེད་འབད་ནི་དང་མཁན་སློབ་བཞུགས་སའི་གཟིམ་ཅུང་རྐྱབ་ནི་ལུ་གདོང་ལེན་སྦོམ་བྱུང་སྟེ་འདུག། ཨིན་རུང་ད་ལྟོ་ལྷ་ཁང་གི་འོག་ལུ་ས་སྟོང་ཆུང་ཀུ་ཅིག་ཡོད་ས་ལུ་དགེ་འདུན་པ་བཞུགས་སའི་གྲྭ་ཤག་ཆུང་ཀུ་ཅིག་རྐྱབ་ནི་གི་འཆར་གཞི་འདུག།
འབྲེལ་གཏུགས།
མཁན་པོ་པདྨ་རྒྱ་མཚོ། དབུ་འཛིན། ༡༧༩༣༥༧༩༦
སློབ་དཔོན་ལས་སྐྱིད་ཆོས་གྲགས། ༧༧༤༠༧༡༥༥