(ཆ་གླིང་ཀརྨ་ཆོས་གླིང་དགོན་པའི་ངོ་སྤྲོད་མདོར་བསྡུས)
དགོན་པ་འདི་མོང་སྒར་རྫོང་ཁག །ཆ་གླིང་རྒེད་འོག་ནང་ཨིནམ་ད། མོང་སྒར་ཁྲོམ་ལས་ཆ་གླིང་རྒེད་འོག་བརྒྱུད་དེ་ཀི་ལོ་མི་ཊར་ ༡༦ དེ་ཅིག་འགྱོ་བའི་ས་ཁར་ཆགས་ཏེ་འདུག །དགོན་པ་ཆགས་ས་ལས་ཆུ་ཕར་ཁའི་ལོགས་ལུ་ཙཀྐླིང་དང་གཏོར་མ་གཞོང་། རྩ་མང་དང་བཱན་ཇར་གྱི་གཡུས་ཚན་ཚུ་མཐོང་ཚུགས་དོ་ཡོདཔ་ཨིན།
སྤྱིར་བཏང་ “ཆ་གླིང་” ཟེར་མི་འདི་རྒྱལ་བ་ཀརྨ་པ་མཆོག་མོང་སྒར་རྩ་མང་ལས་གཟིགསཔ་ད་གཡུས་ཚན་དེའི་ས་ཁྲའི་དབྱིབས་ཡི་གུ་ཆ་གི་རྣམ་པ་སྦེ་གཟིགས་མི་ལས་ཆ་གླིང་དང་། ཤུལ་ལས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་(༡༧༠༠-༡༧༣༣)མཆོག་གི་སློབ་མ་ངང་ཞིང་བླམ་ཟེར་ཞུ་མི་གིས་གདན་ས་ཕྱག་བཏབ་གནང་ཞིནམ་ལས་ དགོན་པའི་མཚན་ལུ་ ཆ་གླིང་ཀརྨ་ཆོས་གླིང་ ཟེར་བཏགས་ནུག །ཨིན་རུང་ཆ་གླིང་པའི་མི་སེར་རྒན་རབས་ཚུ་གི་ངག་རྒྱུན་ལུ་དགོན་པ་ཆགས་ཡོད་སའི་ས་ཁོངས་ཀྱི་མིང་ལུ་ ཀརྨ་པའི་ཕྱག་འཁར་ཡོད་མི་ལུ་བརྟེན་ཏེ་ “ཀརྨ་སེང་” ཟེར་སླབ་སྲོལ་ཡོདཔ་མ་ཚད། སྒྲུབ་ཁང་འདི་ནགས་ཚལ་གྱི་སྦུག་ལུ་བཞེངས་ཏེ་ཡོདཔ་ལས། ཤུལ་ལས་དགོན་ཤུལ་འཛིན་མི་ཚུ་གིས་ “ནགས་ཚང་”ཟེར་དར་ཁྱབ་འགྱོ་སྟེ། དགོན་པ་འདིའི་ས་ཁོངས་ལུ་ད་ལྟོའི་བར་ན་ཡང་ནགས་ཚང་ཟེར་ཡང་སླབ་དོ་ཡོདཔ་ཨིན། ད་རེས་༸སྒང་སྟེང་རིན་པོ་ཆེ་མཆོག་གིས་སྔ་འགྱུར་རྙིང་མའི་སྔགས་གྲྭ་གསརཔ་གཞི་བཙུགས་འབད་མི་ལས་དགོན་པའི་མཚན་ཡང་ “ཆ་གླིང་སྔ་འགྱུར་གསང་ཆེན་རྒྱུད་སྡེའི་གླིང་” ཟེར་བཏགས་གནང་ནུག །
ཆ་གླིང་གི་མི་རྒན་ཤོས་ཚུ་གིས་ཀརྨ་པ་གིས་ཨིན་ཟེར་བ་མ་གཏོགས་ཀརྨ་པ་སྐུ་ཕྲེང་འདི་ཨིན་ཟེར་ཤེས་མི་མེད་རུང་། ལོ་དག་པ་ཅིག་གི་ཧེ་མར་ཆོས་སྐྱོང་ཞུ་བའི་སྐབས་སྲུང་མའི་བཀའ་ལས་ ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་ ཨིནམ་སྦེ་གསུངས་ནུག །ངང་ཞིང་བླ་མའི་འཁྲུངས་འདས་ཀྱི་ལོ་ཚིགས་མ་ཐོབ་རུང་བླམ་དེ་ལས་ད་ལྟོ་ཚུན་ཚོད་གདན་རབས་ ༩ དེ་ཅིག་ལས་བརྒལ་མ་འགྱོཝ་ལས་དུས་རབས་ ༡༨ པའི་སྟོད་སྤྱི་ལོ་ ༡༧༠༠ ཀྱི་གྲངས་ལུ་གདན་ས་འདི་ཕྱག་བཏབ་གནང་པ་ཅིན་ད་རེས་ལོ་ངོ་ ༣༠༠ ལྷགཔ་ཅིག་སོང་ཡོདཔ་འོང་ནི་མས། ག་དེ་སྦེ་ཨིན་རུང་ ཆ་གླིང་ཀརྨ་ཆོས་གླིང་འདི་ རྒྱལ་བ་ཀརྨ་པའི་སྤྲུལ་སྐུ་གཅིག་དང་འབྲེལ་བ་ཡོདཔ་འདི་ཧ་ལམ་ཅིག་དགོན་པའི་མཚན་ལུ་བརྟེན་ཏེ་ཧ་གོ་ཚུགསཔ་མ་ཚད། དགོན་པའི་སྦོ་ལོག་ཁར་ཀརྨ་པའི་ཕྱག་མཁར་ཡོད་མི་ལུ་བརྟེན་ཏེ་ཡང་ཤེས་ཚུགས་པས། ཆ་གླིང་ཟེར་བའི་མིང་འདི་རིག་འཛིན་པདྨ་གླིང་པའི་རྣམ་ཐར་ནང་ལུ་ཡང་ “ཆ་ལི” ཟེར་འཐོན་དོ་ཡོདཔ་ཨིན། པད་གླིང་རྣམ་ཐར་ནང་ལུ་ ཆ་ལི་དགོན་པ་ཟེར་འཐོན་མི་འདི་ད་ལྟོ་དགོན་པ་གོང་འོག་གཉིས་ནང་ལས་འོག་མ་བདེ་ཆེན་ཆོས་གླིང་འདི་ཨིན་མས།
དགོན་པ་ཕྱག་བཏབ་གནང་བའི་ལོ་རྒྱུས།
དགོན་པ་འདི། པདྨ་དགའ་ཚལ་ངང་ཞིང་ལས་ཨིན་མི་བླམ་ཀུན་བཟང་ལྷུན་གྲུབ་ཟེར་ཡོངས་གྲགས་ལུ་ངང་ཞིང་བླམ་ཟེར་ཞུ་མི་འདི་ལུ་རྒྱལ་བ་ཀརྨ་པ་གིས་ལུང་བསྟན་གནང་སྟེ་ཁོང་གིས་བཞེངས་གནང་བའི་ལོ་རྒྱུས་འདུག །དེ་ཡང་རྒྱལ་བ་ཀརྨ་པ་མཆོག་ཆ་གླིང་ལྷ་ཁང་འདིའི་རི་འོག་ལུ་བཞུགས་པའི་སྐབས། ཞལ་རིའི་རྩེ་མོ་ལུ་གཟིགས་ཞིནམ་ལས་ངང་ཞིང་བླ་མ་ལུ། “ཡར་གྱི་རི་དེ་གུར་ནགས་ཚལ་ཡང་སྟུག་དྲག་སྦེ་ཡ་མཚན་ཆེ་ཏོག་ཏོ་འདུག །མཚམས་ཁང་བཅགས་ཏེ་སྒྲུབ་པའི་བསྟན་པ་བཙུགས་པ་ཅིན་ལེགས་ཤོམ་འོང་ནི་མས། ཚར་གཅིག་ལྟ་བར་སོང་། ” ཟེར་གསུངས་པ་ལྟར་དུ་བླམ་འདི་རི་དེ་གུར་བྱོན་པའི་ས་ཆའི་གནས་སྟངས་གཟིགསཔ་ད། རི་དེ་ཁར་ཕྱི་ལས་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐོར། ནང་ན་ལུ་ཐང་ཁོད་སྙོམ་པ། ཉམས་དགའ་བ། ཉེ་འདབས་ལུ་ཡུལ་འདིའི་གནས་བདག་འདོད་ཡོན་བཟང་པོའི་ཕོ་བྲང་དང་གནས་བདག་འདིའི་ཡོན་ཆབ་དང་བཅས་པ་ཡོདཔ་གཟིགས་ཏེ་གནམ་མེད་ས་མེད་ཐུགས་མཉེས་ཏེ། ལོ་རྒྱུས་ཚུ་རྒྱལ་བ་ཀརྨ་པ་ལུ་ཞུཝ་ད། “ ས་དེ་ཁར་སྒྲུབ་གནས་བཅག་བ་ཅིན་འགྲོ་བའི་དོན་མཐར་ཕྱིན་འོང་” ཟེར་ལུང་བསྟན་དང་འབྲེལ་ཙན་དན་གྱི་ཕྱག་འཁར་ཅིག་ཡང་གནང་ནུག །
དེ་ལས་ངང་ཞིང་བླམ་གིས་ས་གནས་དེ་ཁར་རྒྱལ་བ་ཀརྨ་པ་གིས་ཐུགས་སྨོན་བཅས་གནང་བའི་ཙན་དན་གྱི་ཕྱག་འཁར་འདི་ཡང་བཙུགས་ཞིནམ་ལས་སྒྲུབ་ཁང་བཞེངས་ནིའི་རྩིག་པའི་རྨང་བཏིང་སྟེ་ཕྱག་ལཱ་འགོ་བཙུགས་གནང་ནུག །སྒྲུབ་ཁང་འདི་ཕྱི་ནང་མེད་པར་བསྒྲུབས་པའི་སྒང་ལས་ཕྱག་འཁར་འདི་ཡང་སྨྱུ་གུ་སྐྱེས་ཏེ་ལོ་ཟླའི་ལམ་ལས་ཤིང་སྡོང་ཆེན་པོ་ཅིག་ལུ་གྱུར་སོང་ནུག །ཀརྨ་པའི་ཕྱག་འཁར་ལས་སྐྱེས་པའི་ཙན་དན་གྱི་ཤིང་སྡོང་ཆེན་པོ་འདི་ད་ལྟོ་ལྷ་ཁང་འདིའི་རྒྱབ་ལུ་མཇལ་ཚུགས་དོ་ཡོདཔ་ཨིན།
ལོ་རྒྱུས་ནང་ལུ་ངང་ཞིང་བླམ་ཁོ་རང་རི་ཁྲོད་པ་ཅིག་སྦེ་བཞུགས་ཏེ། དབུ་སྐྲ་རལ་བའི་ཐོར་ཅོག་སྦེ་ཡོད་མི་ནང་ལུ་བྱ་དང་བྱིའུ་ཅུང་གི་ཚང་བཅགས་རུང་ཐུགས་དམ་ལས་གཡོ་བ་མེད་པར་ཏིང་ངེ་འཛིན་ལུ་རང་དབང་བརྙེས་པའི་གྲུབ་ཐོབ་ཅིག་ཨིན་སྦེ་བཤད་ནི་འདུག །བླམ་ཁོ་རང་སྒྲུབ་ཁང་འདི་ནང་རང་དགོངས་པ་རྫོགས་སོངམ་ལས་སློབ་མ་ཚུ་གིས་སྦེ་སྒྲུབ་ཁང་འདིའི་རྩ་བར་རྒྱལ་བའི་ཁང་བཟང་མཆོད་རྟེན་ཅིག་བཞེངས་ཞིནམ་ལས་སྐུ་གདུང་རིན་པོ་ཆེ་འདི་ནང་བཞུགས་སུ་གསོལ་ཡོད་མི་འདི་ད་ལྟོའི་བར་ན་ཡང་མཇལ་ཚུགས་པས།
༈ ཆ་གླིང་དགོན་པའི་གདན་རབས་ལོ་རྒྱུས་མདོར་བསྡུས།
གདན་རབས་དང་པོ། གོང་གི་ལོ་རྒྱུས་ནང་གི་ངང་ཞིང་བླ་མ་ཀུན་བཟང་ལྷུན་གྲུབ་རིན་པོ་ཆེ་ཨིན། གདན་རབས་གཉིས་པ་སློབ་དཔོན་གསང་སྔགས་མཆོག །ངང་ཞིང་བླམ་ཞིང་ཕེབས་པའི་ཤུལ་ལུ། དགོན་པ་བདག་འཛིན་འཐབ་མི་ཅིག་མེདཔ་ལས། ཆ་གླིང་གི་མི་སེར་ཚུ་གིས་མོང་སྒར་རྫོང་དཔོན་ལུ་ཞུཝ་བཞིན་དུ། རྫོང་ལས་སློབ་དཔོན་གསང་སྔགས་ཟེར་ཞུ་མི་འདི་བསྐོ་བཞག་གནང་ནུག །སློབ་དཔོན་གསང་སྔགས་འདི་འཁྲུངས་ཡུལ་མོང་སྒར་བྱའི་བབ་ལས་ཨིནམ་ད། ཚེ་གཅིག་ལུས་གཅིག་སྒྲུབ་པ་ལུ་བརྩོན་བཞུགས་ཡོདཔ་མ་ཚད་རྒྱལ་བའི་ཁང་བཟང་མཆོད་རྟེན་ཅིག་ཡང་བཞེངས་གནང་ནུག །མཆོད་རྟེན་འདི་ད་ལྟོ་ངང་ཞིང་བླམ་གྱི་སྐུ་གདུང་མཆོད་རྟེན་གྱི་སྦོ་ལོགས་ཁར་མཇལ་ཚུགས་པས།
གདན་རབས་གསུམ་པ་སློབ་དཔོན་དཀར་པོ་ཡང་འཁྲུངས་ཆ་གླིང་ལས་ཨིན་མས། ཁོང་གི་སྐུ་ཚེ་གཅིག་འགྲོ་བའི་དོན་མཛད་དེ་བཞུགས་པ་གིས་མ་ཚད། གདན་རབས་དང་པ་ངང་ཞིང་བླམ་གིས་བཅགས་གནང་བའི་སྒྲུབ་ཁང་འདི་ཉམས་ཆག་ཤོར་ཡོདཔ་ལས། གཡུས་མི་ཚུ་དང་སྤྱི་མཐུན་ཐོག་ལས་སྒྲུབ་ཁང་འདི་ལྷ་ཁང་ཐོག་གཉིས་ཅན་མ་ལུ་རྒྱ་སྐྱེད་མཛད་གནང་ནུག །ད་རུང་རྒྱལ་བའི་ཁང་བཟང་མཆོད་རྟེན་གཅིག་ཡང་བཞེངས་གནང་ནུག །
གདན་རབས་བཞི་པ་སློབ་དཔོན་ཚེ་རིང་སྟོབས་རྒྱས། ཁོང་ཡང་འཁྲུངས་ཡུལ་ཆ་གླིང་ལས་ཨིནམ་ད། ཁོ་ཡང་སྒྲུབ་ཁང་འདི་ནང་བཞུགས་ཏེ་མི་སེར་ལུ་གཤིན་གསོན་གཉིས་ཀྱི་འགྲོ་དོན་མཛད་དེ་བཞུགས་པའི་ཁར། དགོན་པའི་ནང་རྒྱལ་བའི་ཁང་བཟང་མཆོད་རྟེན་ཅིག་བཞེངས་ཏེ་གཤགས་སོང་ནུག །
གདན་རབས་ལྔ་པ་སློབ་དཔོན་ཨྱོན་ཚེ་རིང་། འཁྲུངས་ཡུལ་གཏོར་མ་གཞོང་ལས་ཨིནམ་ད། ཆུང་ཀུའི་སྒང་ལས་མོང་སྒར་རྫོང་ནང་བཞུགས་ཏེ་དཀྱིལ་ཆོག་ཡོངས་རྫོགས་ཀྱི་ཤེས་ཡོན་བཞེས་ཞིནམ་ལས་རིམ་པ་བཞིན་དུ་རྫོང་གི་དབུ་མཛད་ཀྱི་བར་གོ་གནས་བཞེས། དེ་ལས་རྫོང་ལས་ཟུར་འཐོན་མཛད་དེ། ཆ་གླིང་དགོན་གསར་གྱི་ས་གནས་ངེབ་ཟེར་ས་ལུ་སྒྲུབ་ཁང་ཆུང་ཀུ་ཅིག་བཞེངས་ཏེ་ལོ་ངོ་མང་རབས་ཅིག་སྒྲུབ་པ་གནང་བཞུགས་ཞིནམ་ལས། ཁོ་རའི་རྩ་བའི་བླམ་གི་བཀའ་ལྟར་དུ་ཀརྨ་ཆོས་གླིང་དགོན་པའི་ཚོགས་སློབ་ཀྱི་འགན་མཛད་དེ་བཞུགས་ནུག །དེའི་ཤུལ་དགོན་པ་ལས་དགོངས་ཞུ་མཛད་ཞིནམ་ལས་ཆ་གླིང་གཡང་བཏང་ཟེར་ས་ལུ་ཟུར་བཞུགས་མཛད་རུང་། གྲོང་མིའི་གཤིན་གསོན་གྱི་འགྲོ་དོན་དཔག་ཏུ་མེད་པར་མཛད་དེ་བཞུགས་མི་དང་འབྲེལ། ཆ་གླིང་བདེ་ཆེན་ཆོས་གླིང་ལྷ་ཁང་གི་ནང་རྟེན་གུ་རུ་མཚན་བརྒྱད་ཀྱི་མཐོང་གྲོལ་ཆེན་མོ་འདི་ཡང་མཁོ་སྒྲུབ་མཛད་མི་འདི་ད་ལྟོའི་བར་ན་ཡང་ལོ་གསུམ་གྱི་བར་ན་མཁའ་འགྲོ་བསྐོང་བཤགས་ཚོགས་གནང་པའི་ཉིན་མཐའ་མ་ལུ་མཇལ་ཁ་གནང་དོ་ཡོདཔ་ཨིན། དེ་ལས་སློབ་དཔོན་མཆོག་རབ་བྱུང་ ༡༧ པའི་མེ་ཁྱི་རང་ཟླ་ ༢ པའི་ཚེས་ ༢༧ ལུ་གཤགས་སོང་ནུག །དེ་བཟུམ་སྦེ་གདན་རབས་དྲུག་པ་སློབ་དཔོན་བསོད་ནམས་དོན་གྲུབ། གདན་རབས་བདུན་པ་སློབ་དཔོན་བསྟན་འཛིན། གདན་རབས་བརྒྱད་པ་སློབ་དཔོན་བསྟན་འཛིན་ཚེ་དབང་ཚུ་ཞིང་ཕེབས་ཚར་ནུག ། དེ་ལས་གདན་རབས་དགུ་པ་སློབ་དཔོན་ཚེ་དབང་། གདན་རབས་བཅུ་པ་སློབ་དཔོན་རྡོ་རྗེ་ཚེ་རིང་བཅས་པ་ཚུ་གིས་ཡང་དགོན་པའི་བདག་རྐྱེན་བཞེས་ཏེ་འགྲོ་དོན་མཛད་བྱ་བཟང་པོ་མཛད་དེ་བཞུགས་ནུག །
གདན་རབས་དགུ་པ་སློབ་དཔོན་ཚེ་དབང་ཞལ་བཞུགས་པའི་སྐབས། ཆ་གླིང་ལས་དགེ་བཤེས་སྐལ་བཟང་མཆོག་གི་ཞལ་སློབ་གྲངས་ ༣༥ དེ་ཅིག་ཡོད་མི་འདི། ཆ་གླིང་ལུ་གནས་གཞིས་འཛིན་པ་ཅིན་མི་དྲག་ག་ཟེར་གཡུས་མི་ཚུ་ལུ་གྲོས་བསྟུན་འབདཝ་ད། ཁོང་གིས་ལེགས་ཤོམ་འོང་ནི་ཨིན་པའི་བསམ་ཚུལ་ཞལ་འཆམས་བྱུང་སྟེ། སྤྱི་ལོ་ ༡༩༩༩ ལུ་དགོན་པ་འདི་ནང་གྲྭ་ཚང་ཆུང་ཀུ་ཅིག་ཡང་གཞི་བཙུགས་མཛད་གནང་ནུག །དེ་ལས་སློབ་དཔོན་ཚེ་དབང་ཁོ་ར་ཞལ་བཞུགས་པའི་སྐབས་མ་འོངས་པར་ནང་གྲྭ་ཚང་རྒྱུན་སྐྱོང་འོང་ཐབས་ཀྱི་དོན་ལུ་མེེ་དགེ་བཤེས་ཟེར་ཞུ་མི་ལུ་ཕུལ་གནང་ནུག །མེེ་དགེ་བཤེས་ཀྱིས་རྩིས་བཞེས་ཏེ་ལོ་ངོ་དག་པ་ཅིག་གི་ཤུལ་ལས། མེེ་དགེ་བཤེས་དང་མི་སྡེའི་འགོ་འཁྲིདཔ། གཡུས་མི་གོ་ཤེས་ཉན་ཤེསཔ་ཚུ་གིས་སྦེ་ ལྷ་ཁང་དང་བཤད་གྲྭའི་དགེ་སློང་ཚུ་རྒྱུན་སྐྱོང་ཡུན་བརྟན་གནས་ཐབས་ཀྱི་དོན་ལུ་ཆོས་བརྒྱུད་ཁུངས་བཙན་པའི་བླམ་གཅིག་ལུ་ཕུལ་ཚུགས་པ་ཅིན་ཟེར་བའི་གསུང་གྲོས་བྱུང་བའི་སྐབས་༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་ཕུལ་ནི་སྦེ་གྲོས་འཆམས་བྱུང་ནུག །དེ་འཕྲོས་ལས་རྫོང་ཁག་ལས་གནང་བ་ཞུས་ཐོག་དགོན་པ་དགེ་སློང་ཞལ་གྲངས་ ༣༥ དང་བཅས་པ་སྦེ་ ༧སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་གིས་བཞེས་གནང་དགོ་པའི་གསོལ་འདེབས་ཡི་གུ་དང་སྦྲགས་ཏེ་ཕུལཝ་བཞིན་དུ་རིན་པོ་ཆེ་མཆོག་གིས་ཡང་རྩིས་བཞེས་གནང་ནུག །དེའི་ཤུལ་ལས་དགོན་པ་འདིའི་བདག་འཛིན་མཛད་མི་བླམ་དང་མཁན་པོ། སློབ་དཔོན་ཚུ་སྒང་སྟེང་དགོན་པ་ལས་གནང་སྟེ། གྲོང་མིའི་འགྲོ་དོན་མཛད་དང་མཛད་བཞིན་པ་འདུག །ལྷ་ཁང་འདི་རིན་པོ་ཆེ་ལུ་ཕུལ་དགོ་པའི་རྒྱུ་མཚན་འདི་ཡང་། སྤྱིར་བཏང་ཤར་ཕྱོགས་རྫོང་ཁག་དང་། ལྷག་པར་དུ་ཆ་གླིང་རྒེད་འོག་ནང་ལུ་ཆོས་ལུགས་བཀའ་རྙིང་ཟུང་འབྲེལ་ཡོད་རུང་། གཙོ་ཆེ་བ་པད་གླིང་གི་བསྟན་པ་དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོདཔ་ལས། ཕ་མེས་ཀྱི་ཆོས་རྒྱུན་མི་ཉམས་པར་བཞག་ཐབས་དང་ཆོས་རྒྱུན་འདི་ལུ་བརྟེན་ཏེ་སེམས་ཅན་ལུ་བདེ་སྐྱིད་དང་རྒྱལ་ཁབ་ལུ་ཞི་བདེ་བྱུང་ཐབས་ལུ་དམིགས་ཏེ་ཕུལ་ཡོདཔ་ཨིན་མས། ད་རེས་ལྷ་ཁང་གི་ས་ཆ་ཁྱོན་སྡོམས་ས་རྒྱ་ཨེ་ཀར་ ༤ དེ་ཅིག་འདུག །
༈ ནང་རྟེན། ལྷ་ཁང་འདི་གི་ནང་རྟེན་གཙོ་བོ། ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་དང་། གདན་རབས་དྲུག་པ་སློབ་དཔོན་བསོད་ནམས་དོན་གྲུབ་ཀྱི་སྐུ་ཐོག་ལུ། ཆ་གླིང་ཐེམ་སྤང་ལས་ཨིན་པའི་དགེ་སློང་བརྩོན་འགྲུས་ཟེར་མི་འདི་ལུ། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གིས་དགེ་སློང་ཁྱོད་ཀྱིས་གུ་རུའི་སྐུ་འདྲ་༣ བཞེངས་དགོ་ཟེར་བཀའ་ལུང་གནངམ་ལས། དགེ་སློང་འཇིམ་བཟོ་བརྩོན་འགྲུས་ཀྱིས་འགོ་འདྲེན་ཐོག་གྲོང་མི་ཚུ་གིས་སྦེ་ཀརྨ་ཆོས་གླིང་དགོན་པ་ལུ་གུ་རུ་སྐུ་འདྲ་ཐོག་ཚད་མི་ཀྲར་ ༣ ལྷག་ཙམ་ཅིག་བཞེངས་གནང་ནུག །དེ་བཟུམ་སྦེ་ཀརྨ་པའི་སྐུ་འདྲ་དང་། གདན་ས་བཅག་མི་ངང་ཞིང་བླ་མའི་སྐུ་འདྲ་ཡང་བཞུགས་ནུག །
༈ དུས་མཆོད་འབུམ་སྡེའི་སྐོར།
སྔོན་མ་ལྷ་ཁང་འདི་ནང་ ལོ་སྟར་བཞིན་དུ་གྲོང་མི་ཚུ་གིས་སྦྱིན་བདག་འབད་དེ། རང་ཟླ ༣ པའི་ཚེས་ ༡༨ ལུ་བཅོ་བརྒྱད་ལྷ་མོ་ཟེར། དཔལ་ལྡན་ལྷ་མོའི་མཆོད་པ་འབུལ་སྲོལ་ཅིག་མ་གཏོགས་དུས་མཆོད་འབུམ་སྡེ་གཞན་མེདཔ་ཨིན་མས། ཨིན་རུང་སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ལུ་ཕུལ་ཞིནམ་ལས། སྒང་སྟེང་དགོན་པའི་ལུགས་ལྟར་དུ་རང་ཟླ་དང་པོའི་ཚེས་ ༣ ལུ་རིག་འཛིན་པདྨ་གླིང་པའི་འདས་མཆོད་དང་། རང་ཟླ་ ༣ པའི་ཚེས་ ༡༠ ལུ་ཞབས་དྲུང་སྐུ་མཆོད། རང་ཟླ་ ༤ པའི་ཚེས་ ༡༥ ལུ་དུས་ཆེན་ལྔ་འཛོམས་དང་། རང་ཟླ་ ༥ པའི་ཚེས་ཚེས་ ༦ ལས་ ༩ ཚུན་བཛྲ་གུ་རུ་དུང་སྒྲུབ་དང་ ཚེས་ ༡༠ ལུ་སྤྲེལ་ཟླ་ཚེས་བཅུའི་ཚོགས་འཁོར། རང་ཟླ་ ༦ པའི་ཚེས་ ༤ ལུ་ཆོས་འཁོར་དུས་ཆེན། རང་ཟླ་ ༩ པའི་ཚེས་ ༢༢ ལུ་ལྷ་བབས་དུས་ཆེན་བཅས་ལོ་གཅིག་གི་དུས་ཆེན་ཁག་དྲུག་དང་། གཞན་ཡར་ངོ་དང་མར་ངོའི་ཚེས་བཅུ་ཚུ་རྒྱུན་མ་ཆད་པར་འཚོགས་གནང་སྟེ་འདུག །
༈ ཉམས་བཅོས་དང་གསར་བཞེངས།
འབྲུག་གཞུང་གི་ཁ་ཐུག་ལས་མ་དངུལ་གྲོགས་རམ་དང་། མི་སེར་གྱི་ཁ་ཐུག་ལས་རྒྱུ་རུབ་སྦུང་རུབ་ཀྱི་ཐོག་ལས་སྤྱི་ལོ་ ༢༠༠༠ ལས་འགོ་བཟུང་ལྷ་ཁང་ཉམས་བཅོས་དང་། དགེ་འདུན་པའི་གྲྭ་ཤག་གསར་བཞེངས། མཁན་པོ་དང་སློབ་དཔོན་བཞུགས་ས་ཚུ་བཟོ་གནང་ཡོདཔ་ད། དཔེ་མཛོད་ཁང་འདི་སྒང་སྟེང་ལས་མཁན་པོ་མི་འགྱུར་རྣམ་རྒྱལ་གྱིས་འགོ་འདྲེན་ཐོག་བཞེངས་གནང་ནུག །སྤྱིར་བཏང་ལྷ་ཁང་དང་གྲྭ་ཤག་ཚུ་ཡོད་དེ་འབད་རུང་ལོ་ལེ་ཤ་ཡར་སོངམ་ལས་ཉམས་ཆག་ཤོར་ཏེ་ད་རུང་ཉམས་གསོ་དང་། དགེ་སློབ་ཀྱི་ཁྲ་གྲངས་དང་བསྟུན་ཏེ་གྲྭ་ཤག་དང་གསང་སྤྱོད། སློབ་ཁང་དང་ཚོགས་ཁང་། སློབ་དཔོན་གྱི་གཟིམ་ཅུང་ཚུ་གསར་བཞེངས་འབད་དགོ་པའི་དུས་ཚོད་རན་ཏེ་འདུག །
བཤད་གྲྭ་འདི་གི་ཁེ་ཕན། གཡུས་སྒོ་ནང་ལུ་དུས་ཚོད་ཀྱི་འགྱུར་བ་དང་བསྟུན་སྒོམ་ཆེན་དང་བླམ་ཆོསཔ་ཉུང་སུ་འགྱོཝ་ལས་བརྟེན། བཤད་གྲྭ་གཞི་འཛུགས་འབད་མི་འདི་གིས་གཤིན་གསོན་གཉིས་ཀྱི་དོན་ལུ་ཕན་ཐོགས་སྦོམ་སྦེ་རང་བྱུང་སྟེ་འདུག །དེ་ཡང་ཆ་གླིང་གི་གྲོང་སྟོད་སྨད་བར་གསུམ་གྱི་མི་སེར་བརྒྱ་ཆ་ ༩༥ དེ་ཅིག་པད་གླིང་གི་ཆོས་བརྒྱུད་འཛིན་མི་ཨིན་མས།
༄༅། །ཆ་གླིང་སྔགས་གྲྭ་གཞི་འཛུགས་ཀྱི་ལོ་རྒྱུས་བཅུད་བསྡུས།
གོང་གི་ལོ་རྒྱུས་ཀྱི་འབྱུང་རིམ་ལྟར་དུ། ཆ་གླིང་ཀརྨ་ཆོས་གླིང་དགོན་པ་འདི་གཞི་རིམ་བཤད་གྲྭ་ལས་སྔགས་གྲྭ་ལུ་མིང་གནས་སྤོ་སྟེ་མཚན་ཡང་ “སྔ་འགྱུར་གསང་ཆེན་རྒྱུད་སྡེའི་གླིང་” ཟེར་༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་རང་གིས་གནང་ཞིནམ་ལས་ཤར་ཕྱོགས་རྫོང་ཁག་ནང་ལུ་སྔ་འགྱུར་རྙིང་མའི་སྔགས་གྲྭ་ཅིག་གཞི་འཛུགས་གནང་ཏེ་ཡོདཔ་ཨིན།
སྔགས་གྲྭ་གཞི་འཛུགས་གནང་དགོ་པའི་དམིགས་ཡུལ་གཙོ་བོ་རང་། སྔ་འགྱུར་རྙིང་མའི་ལུགས་ཀྱི་བཀའ་གཏེར་དག་སྣང་གསུམ་གྱི་དོན་ཚུ་གནད་འདྲིལ་བ་ཅིན། སྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་ཉམས་ལེན་ནང་ལུ་བསྡུ་ནི་ཨིནམ་ད། ཉམས་ལེན་མཐིལ་ཕྱིན་པ་འབད་ནིའི་གཞི་འགྱམ་བཟུམ་ཅིག་ནང་རྒྱུད་ཡོ་ག་གསུམ་ལུ་ཐོས་བསམ་འབད་ནི་དེ་མེད་ཐབས་མེདཔ་ཅིག་ཨིནམ་ལས། འབྲུག་ཤར་ཕྱོགས་རྫོང་ཁག་ནང་ལུ་སྔགས་གྲྭ་ཅིག་གཞི་འཛུགས་འབད་ནིའི་དོན་ལུ་རིན་པོ་ཆེ་མཆོག་གིས་ཆ་གླིང་ཀརྨ་ཆོས་གླིང་ལུ་ས་ཆ་གདམས་ཁ་གནང་ཏེ་གཞི་འཛུགས་མཛད་གནང་ཡོདཔ་ཨིན། སྔགས་གྲྭའི་ནང་ལུ་གཙོ་བོ་སྔ་འགྱུར་རྙིང་མའི་ལུགས་ཀྱི་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གསུམ་ལས་གཙོ་བོ་རིང་བརྒྱུད་བཀའ་མའི་ཕྱོགས་ཀྱི་མདོ་སྒྱུ་སེམས་གསུམ་ལུ་སློབ་སྦྱོང་དང་། དཀྱིལ་ཆོག་སྐོར་སློབ་སྦྱོང་འབད་ཚུགས་ནི་ཨིན་མས། ད་རེས་སྒང་སྟེང་མཐོ་རིམ་བཤད་གྲྭའི་ནང་ལས་རྒྱུད་སྡེའི་སློབ་སྦྱོང་གནང་མི་འགོ་ཐོག་སློབ་དཔོན་བཅུ་གསུམ་དང་རྒྱུད་སྡེ་བཤད་ཁྲིད་གནང་མི་མཁན་སློབ་གཉིས་བཅས་བསྡོམས་མི་གྲངས་ ༡༥ འདུག །
སྔགས་གྲྭ་གཞི་འཛུགས་ཀྱི་དོན་ལུ་ལས་འཆར་འདི་སྤྱི་ལོ་ ༢༠༡༩ ལས་བརྩམས་ཏེ་སྒང་སྟེང་བཤད་གྲྭ་ལས་སློབ་དཔོན་ཨྱོན་འཕྲིན་ལས་ཀྱིས་འགོ་འདྲེན་ཐོག་གྲྭཤག་གསར་སྐྲུན་འབད་ནི་ཚུ་འགོ་བཙུགས་ཏེ་ཡོད་རུང་། བར་སྐབས་ཅིག་ལས་ནད་ཡམས་ལུ་བརྟེན་ཏེ་བར་མཚམས་བཞག་དགོཔ་འཐོན་ནུག །ཨིན་རུང་ད་རེ་༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་རང་གིས་གཙོས་ཆ་གླིང་རྒེད་འོག་དང་ཆ་གླིང་གི་ཞི་གཡོགཔ་མི་སེར་ཚུ་གིས་སྔགས་གྲྭ་གསར་བཞེངས་ཀྱི་ལས་འགུལ་འདི་ལུ་རྒྱབ་སྐྱོར་གནང་དོ་ཡོདཔ་ད། ལས་འགུལ་འཛིན་སྐྱོང་པའི་ཁ་ཐུག་ལས་ལས་འགུལ་འཆར་གཞིའི་བཟོ་བཀོད་ཚུ་བཀོད་སྒྲིག་འབད་ཚརཝ་བཞིན་དུ། སྔགས་གྲྭའི་ཚོགས་ཁང་དང་། གྲྭ་ཤག་ཚུ་བཞེངས་ཚར་ཏེ་འདུག །ད་ལྟོ་དགོན་པའི་ནང་སློབ་དཔོན་ ༣ དང་། སློབ་ཕྲུག་ ༢༣ འདུག །
ཡིག་ཆ། ཆ་གླིང་གི་ཁྲམ་རྙིང་དང་དཀར་ཆག་མདོར་བསྡུས།
ངག་འདྲི་ཞུ་ས། སློབ་དཔོན་ཨྱོན་འཕྲིན་ལས་དང་སྐལ་བཟང་དབང་འདུས། ཆ་གླིང་རྒེད་འོག་རྒཔོ་དང་ཚོགས་པ། རྒན་ཤོས་ཚུ།
སློབ་དཔོན་ཨྱོན་འཕྲིན་ལས། 17937816
སློབ་དཔོན་ཡེ་ཤེས་རྒྱ་མཚོ། 17703764
སློབ་དཔོན་སྐལ་བཟང་དབང་འདུས། 17526159